R1186: ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད།

  • Pagination (Witness A): [-]
།གསུངས་ནས། སྒྲ་བསྒྱུར་ཉི་ཤུ་རྩ་གཅིག་ཤེས་པའི་བཻ་རོ་ཙ་ན་དང༌། རྒྱ་བོད་ཡིག་རིགས་ཉི་ཤུ་རྩ་གཅིག་ཤེས་པའི་ལེགས་བྱིན་ཉི་མ། ཡི་གེ་སྐྱེན་པ་ཕུལ་དུ་ཕྱིན་པའི་འདན་མ་རྩེ་མང་དང༌། སྣུབས་ནམ་མཁའི་སྙིང་པོ། ཨ་ཙརྱ་ཡེ་ཤེས་དབྱངས་དེ་རྣམས་ཀྱིས་ཡིག་མཁན་བྱས་ཏེ། ཨུ་རྒྱན་སྐད་དང༌། རྒྱ་གར་སྐད་ལས་བསྒྱུར་ཏེ། རྩ་བའི་རྒྱུད་ལ་བརྟེན་ནས་སྒྲུབ་པ་ཆེན་པོ་སྡེ་དྲུག་མཛད། གཤེན་རྗེ་རོལ་པའི་རྒྱུད་དང༌། གཤེན་རྗ་དམར་ནག་གི་རྒྱུད་ལ་བརྟེན་ནས། འཇམ་དཔལ་སྐུའི་སྒྲུབ་ཐབས་མཛད་དོ། །རྟ་མཆོག་རོལ་པའི་རྒྱུད་དང༌། པད་མ་དབང་ཆེན་གྱི་རྒྱུད་ལ་བརྟེན་ནས། པད་མ་གསུང་གི་སྒྲུབ་ཐབས་མཛད་དོ། །ཡང་དག་རྩ་བ་ཁྲག་འཐུང་རོལ་པའི་རྒྱུད་དང༌། ཧེ་རུ་ཀ་གལ་པོ་དང༌། འཇིག་རྟེན་འདས་མདོ་ལ་བརྟེན་ནས། ཡང་དག་ཐུགས་ཀྱི་སྒྲུབ་ཐབས་མཛད་དོ། །གསང་བ་ཡེ་ཤེས་འཁོར་ལོ་དང༌། བདུད་རྩི་མཆོག་གི་ལུང་བམ་པོ་བརྒྱད་པ་ལ་བརྟེན་ནས། བདུད་རྩི་ཡོན་ཏན་གྱི་སྒྲུབ་ཐབས་མཛད་དོ། །ཕུར་པ་རོལ་པ་རྩ་བའི་རྒྱུད། བི་ཏོ་ཏ་མ་ལ་དང༌། ཀཱི་ལ་ཡ་བཅུ་གཉིས་ཀྱི་ཏན་ཏྲ་ལ་བརྟེན་ནས། ཕུར་པ་དྲག་པོ་འཕྲིན་ལས་ཀྱི་སྒྲུབ་ཐབས་མཛད། མ་མོ་རོལ་པ་རྩ་བའི་རྒྱུད་དང༌། སྲིད་པ་བེམ་རྒྱུད་ལུང་ལ་བརྟེན་ནས། མ་མོ་རྦོད་གཏོང་གི་སྒྲུབ་ཐབས་མཛད། དེ་ཡར་ཆད་འཇིག་རྟེན་ལས་འདས་པའི་སྒྲུབ་པ་སྟེ་དྲུག་གོ། །རིག་འཛིན་རོལ་པའི་རྒྱུད་དང༌། རིག་འཛིན་འདུས་པའི་རྒྱུད་ལ་བརྟེན་ནས། རིག་འཛིན་གྱི་སྒྲུབ་ཐབས་བརྒྱ་རྩ་གཅིག་མཛད། འཇིག་རྟེན་དྲེགས་པ་འདུལ་པའི་རྒྱུད་ལ་རྟེན་ནས། འཇིག་རྟེན་མཆོད་བསྟོད་ཀྱི་སྒྲུབ་ཐབས་མཛད། དྲག་པོ་སྔགས་ཀྱི་རྒྱས་འདེབས་ལ་བརྟེན་ནས་དྲག་སྔགས་དམོད་པའི་སྒྲུབ་ཐབས་མཛད་དོ། །དེ་རྣམས་ལ་ཁྱད་པར་དུ་གལ་ཆེ་བའི་གདམས་པ་གཤིན་རྗེའི་འཁོར་ལོ་ཤེས་དཀའ་བས་འཕྲུལ་འཁོར་ལྡེ་མིག་ཏུ་བསྡུ་བ་མཛད་དོ། །ཕུར་པ་སྒྲུབ་དཀའ་བས་གཞི་སྙིང་གཅིག་ཏུ་དྲིལ་བ་མཛད་དོ། །མ་མོ་གྲུབ་ཀྱང་འཁོར་དཀའ་འཁུ་ལྡོག་ཆེ་བས། མ་མོ་སྲོག་གི་འཁོར་ལོ་ཤིས་པ་བསྟན་པ་མཛད། ཕོ་རྒྱུད་ལས་ལ་མྱུར་ཀྱང་ལྡོག་ཅིང་གྱོང་བས། ཆེ་བ་ཆིང་དང་ལོག་གནོན་གྱི་འཁོར་ལོ་མཛད་དོ། །དེ་ནས་སློབ་དཔོན་པད་མ་འབྱུང་གནས་ཀྱིས་ལྷག་པར་ཁྱད་པར་དུ་འཕགས་པ་སྒྲུབ་པ་བཀའ་བརྒྱད་དུ་འདུས་པ། བདེ་གཤེགས་འདུས་པ་རྩ་བའི་རྒྱུད། ཕྱི་མའི་རྒྱུད། མ་ཚང་བ་ཁ་སྐོང་གི་རྒྱུད། འབྱེད་པར་བྱེད་པ་ལྡེ་མིག་གི་རྒྱུད། ཕྱི་མའི་ཕྱི་མ་སྔགས་ཀྱི་རྒྱུད་ལྔ་ལ་བརྟེན་ནས། ཞི་བ་རིགས་བརྒྱ་དང༌། དེ་ཉིད་རིགས་ལྔ༌། དེ་ཉིད་རིགས་གཅིག ཁྲོ་བོ་འཇིགས་བྱེད་ཆེན་པོའི་དཀྱིལ་འཁོར་དང༌། རྡོ་རྗེ་འཇིགས་ཆུང་གི་དཀྱིལ་འཁོར་དང༌། སྒྲུབ་ཐབས་ཆ་ལག་དང་བཅས་པ་མཛད། དེ་ནས་མཆིམས་ཕུར་བདེ་གཤེགས་འདུས་པ་ཞི་ཁྲོའི་དཀྱིལ་འཁོར་བཞེངས་ནས། རྒྱལ་པོ་དང༌། བཻ་རོ་ཙ་ན་དང༌། སྣུབས་ནམ་མཁའི་སྙིང་པོ་དང༌། སྣུབས་སངས་རྒྱས་ཡེ་ཤེས་རིན་པོ་ཆེ་དང༌། ངན་ལམ་རྒྱལ་མཆོག་དབྱངས་དང༌། ཇོ་མོ་བཀྲ་ཤིས་མཚོ་རྒྱལ་དང༌། འབྲོག་མི་དཔལ་གྱི་ཡེ་ཤེས་དང༌། རླངས་དཔལ་གྱི་སེང་གེ་ཕྱི་མ་དང༌། དྲི་མེད་ཟླ་ཤར་སྙགས་ཛྙཱ་ན་ཀུ་མ་ར་དང༌། ཤེལ་དཀར་བཟའ་རྡོ་རྗེ་མཚོ་དང༌། འབྲོམ་བཟའ་ཏི་པ་མ་དང༌། རུ་ཡོང་བཟའ་འཐིང་མ་དང༌། མཆིམས་བཟའ་རིན་ཆེན་ས་ལེ་འོད། མེར་གོང་བཟའ་གསལ་ལེ་ལ་སོགས་པ་སློབ་དཔོན་པད་མའི་གཟུངས་མ་མཚན་ལྡན་དྲུག་དང༌། རྒྱལ་པོ་རྗེ་འབངས་ཉི་ཤུ་རྩ་ལྔ་ལ་དབང་བསྐུར་རོ། །སྒྲུབ་པའི་ལུང་བྱིན། སྒྲུབ་པ་བྱས་པས་ཐམས་ཅད་ཀྱིས་གྲུབ་པ་ཐོབ་པོ། །རྒྱལ་པོ་ཉིད་ལྔ་བཅུ་རྩ་དྲུག་ལས་ཚེ་མེད་པ་ལ། ལོ་བཅུ་གསུམ་ཚེ་བསྲིངས་པ་དང༌། ཏིང་ངེ་འཛིན་ཟབ་པའི་གྲུབ་པ་ཐོབ། བཻ་རོ་ཙ་ན་ཕུང་པོ་ལྷག་མེད་དུ་སངས་རྒྱས། སྙགས་ཛྙཱ་ན་ཀུ་མ་རས་བདུད་རྩི་བསྒྲུབས་པས། ལུང་པ་ཐམས་ཅད་སྨན་དྲིས་གང་སྟེ། སེམས་ཅན་ཐམས་ཅད་ཀྱི་འབྱུང་བའི་ནད་ཞི་བའི་གྲུབ་པ་ཐོབ། སྣུབས་ནམ་མཁའི་སྙིང་པོས་ཉི་མའི་ཟེར་ལ་བཞོན་པ་དང༌། ཉི་མ་སྟོད་ལ་ནོན་པའི་གྲུབ་པ་ཐོབ། སངས་རྒྱས་ཡེ་ཤེས་རིན་པོ་ཆེས་ལོ་བརྒྱ་དང་བུཅ་གསུམ་ལོན་ཏེ།