R1186: ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད།

  • Pagination (Witness A): [-]
གླིང་གཞི་རི་རབ་སྐད་ཅིག་ལ་འཁོར་བའི་གྲུབ་པ་ཐོབ་ནས། རིག་འཛིན་གྱི་གནས་སུ་གཤེགས་སོ། །ངན་ལམ་རྒྱལ་བ་མཆོག་དབྱངས་དཔལ་རྟ་མགྲིན་གྲུབ་ནས་སྤྱི་གཙུག་ནས་རྟ་མགོ་བཏོན་ཏེ་རྟ་སྐད་ཐོན། འབྲོག་མི་དཔལ་གྱི་ཡེ་ཤེས་མཁའ་འགྲོ་མའི་ཞལ་དངོས་སུ་གཟིགས། མ་མོ་བྲན་དུ་འཁོལ། དྲན་པ་ནམ་མཁས་ཐོག་ཆེན་མདའ་ལྟར་འཕེན། གཡག་རྒོད་ཁུགས་སོ། །འོ་བྲན་དཔལ་གྱི་གཞོན་ནུ་ཆུ་ལ་ཉ་ལྟར་འཛུལ་ཆུ་ལ་མི་བྱིང༌། རྨ་རིན་ཆེན་མཆོག་ཕ་བོང་ཟས་སུ་ཟ། དཔལ་གྱི་ཡེ་ཤེས་རི་ཀླུངས་ཐོགས་པ་མེད། མཁར་ཆེན་བཟས་བསད་པའི་མི་རོ་སློང༌། མི་ལོ་བརྒྱ་ཐུབ་པའི་དངོས་གྲུབ་བརྙེས། ལང་གྲོ་དཀོན་མཆོག་ཐོག་ཆེན་མདའ་ལྟར་འཕེན། དེ་ལ་སོགས་པའི་གྲུབ་ཐོབ་མང་པོ་བྱུང༌། རྒྱལ་བློན་ཐམས་ཅད་ཀྱིས་བསྒྲུབས་པས་གྲུབ་པ་ཐོབ་པའི་ལོ་རྒྱུས་ཆོས་འབྱུང་ལགས་སོ། །དེ་ནས་རྒྱལ་པོའི་ཐུགས་དགོངས་ལ། ལྔ་བརྒྱ་དུས་ཀྱི་སྙིགས་མ་ལ། ངའི་གཙུག་ལག་ཁང་གི་སྲུང་མ་ཆོས་སྐྱོང་གཅིག་དགོས་པར་འདུག བསྟན་པ་སྲུང་བའི་སྲོག སེར། ཐོག གཏད་ཁྲམ་ལ་སོགས་པ་ཡང་དགོས་པར་དགོངས་ནས། སློབ་དཔོན་པད་མ་འབྱུང་གནས་ལ་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་མཛད་ནས་ཞུས་པ་ནི། ཨེ་མ་ཧོ། སློབ་དཔོན་ཆེན་པོ་བཀའ་དྲིན་ཅན། །ལྔ་བརྒྱའི་ཐ་མ་ཕྱི་ཕུགས་སུ། །བདག་འདྲ་རྒྱལ་པོ་ཆོས་མི་འབྱུང་ཞིང༌། །བློན་པོ་གདུག་ཅིང་འབངས་རྣམས་སིལ་བུར་འགྲོ། །དབུས་གཙང་རུ་བཞི་མཐའ་འདུལགྱི། །གཙུག་ལག་ཁང་གི་སྲུང་མ་གང་གིས་བགྱི། །བསྟན་སྲུང་ཐོག་སེར་གཏད་ལ་སོགས། །སྔགས་ཀྱི་བསྟན་པ་སྲུང་བ་གང་ལ་བགྱི། །སློབ་དཔོན་ཐུགས་རྗེས་གཟུང་ནས་གནང་བར་ཞུ། །ཞེས་ཞུས་པས། སློབ་དཔོན་གྱིས་བཀའ་བསྩལ་པ། ཨེ་མ་ཧོ། དུས་ཀྱང་ཇེ་ངན་ཇེ་ངན་འགྲོ། །རྗེའི་ཐུགས་དམ་བསམ་ཡས་ཀྱང༌། །རྒྱལ་པོའི་སྙིང་དུ་འགོང་པོ་འཇུག །འབངས་རྣམས་ནང་འཐབ་དམེ་ཁྲུག་བྱེད། །གཙུག་ལག་ཁང་ལ་འཐབ་ཁང་འཆའ། །སྒྱོགས་དང་མེ་དོང་འཇིགས་པ་འོང༌། །དབུས་དང་མཐའ་འདུལ་སྐོར་རྣམས་ནི། །མི་ནག་རྣམས་ཀྱིས་སྤྱོད་པར་འགྱུར། །ཆོས་འཁོར་མདའ་བུག་དོད་པར་བྱེད། །ཆོས་འཁོར་གཉན་པོ་འཇིག་པར་བྱེད། །སྔགས་པ་གྲི་རུ་གསོད་པར་བྱེད། །རྒྱལ་པོའི་ཤུལ་གྱིས་ལམ་མི་ཐུབ། །ཆོས་གོས་འོག་ཏུ་གྲི་ཐུང་འཇུག །ཆེ་བཙན་དུག་གིས་གསོད་པར་བྱེད། །སྐྱེ་བོ་ནང་འཐབ་མཚོན་གྱིས་གསོད། །སྔགས་པ་ནང་རྒྱས་མཐུ་འདྲེན་བྱེད། །གོང་ཁ་ཚེར་ཐམས་བསྡམས་བྱེད་པ་དང༌། །སོ་ཁ་ཕྱི་སྒོ་སྲུང་བ་དང༌། །ཕ་སྤུན་ནང་དམེ་བྱེད་པ་དང༌། །མཚོན་གྱི་བསྐལ་པ་དར་བར་འོང༌། །ཆོས་བྱེད་བཙུན་པར་མི་བྱེད་ཅིང༌། །ཟོག་པོ་བསླུ་བྲིད་མཁན་ལ་བརྩི། །གོས་ངན་ཁྱིའི་ཐུལ་པ་གྱོན། །ཞྭ་ངན་རྩིད་པའི་འབེ་ཞུ་གྱོན། །མཚོན་དང་དབྱུག་པ་འཁྱེར་བ་དང༌། །ཆོས་ངན་ཆད་ལྟའི་སྟོང་ཉིད་སྟོན། །བསྟན་པ་འཇིག་པའི་ལྟས་ངན་ཡིན། །དེ་ཚེ་གཙུག་ལག་དཀོར་སྲུང་བ། །དཀོར་སྲུང་རྒྱལ་པོ་དཔེ་ཧར་དགོས། །བྷ་ཏ་ཧོར་གྱི་སྒོམ་གྲ་ནས། །ཀ་ཆའི་ཕྱིར་ནི་འབྲངས་ནས་འོང༌། །དེ་ཚེ་ང་ཡིས་དཀོང་སྲུང་བཅོལ། །གསུངས་སོ། །དེ་ནས་རྒྱལ་པོས་བྷ་ཏ་ཧོར་གྱི་སྒོམ་གྲ་བཅོམ། རྒྱལ་པོ་ཤིང་བྱ་ཅན་ཞེས་ཀྱང་བྱ། བདུད་ཡ་བཞེར་ནག་པོ་ཞེས་ཀྱང་བྱ། གཡས་ཀྱི་རུ་འདྲེན། དཔའ་བོ་སྟག་ཆས་བརྒྱ། གཡོན་གྱི་རུ་འདྲེན། ཉན་ཐོས་དགྲ་བཅོམ་བརྒྱ། སླད་ཀྱི་རྗེས་གནོན་བན་དེ་ནག་པོ་བརྒྱ། སྔོན་གྱི་བཤུལ་འབྲེང་བ། བུད་མེད་ནག་མོ་བརྒྱ། ཕྱིའི་བློན་པོ་ལང་ཀ་ཧ་ར་བརྒྱ། ནང་གི་བློན་པོ་མོན་བུ་སྤུ་ཏྲ་བརྒྱ། སྐུའི་སྐྱོ་བསངས་གར་འབག་སེང་གེ་བརྒྱ། སྤྲུལ་པའི་ཡང་སྤྲུལ་སྤྲེའུ་བྱི་ལ་བརྒྱ། དཀོར་དང་ལྷ་འདྲེ་ཕྱིར་ནི་འབྲངས་ནས་བྱུང༌། དེ་ནས་སློབ་དཔོན་པད་མ་འབྱུང་གནས་ཀྱིས། དཔེ་དཀར་དཀོར་མཛོད་གླིང་དུ་རྟེན་བཙུགས་ནས་དམ་ལ་བཏགས་སོ། །དཔལ་བསམ་ཡས་ལ་སོགས་པའི་གཙུག་ལག་ཁང༌། མཐའ་འདུལ་ཡང་འདུལ་ཐམས་ཅད་ཀྱི་གཙུག་ལག་ཁང་གི་སྲུང་མར་བཞག་གོ། །དེ་ནས་སློབ་དཔོན་པད་མ་འབྱུང་གནས་དང༌། སྤ་གོར་བཻ་རོ་ཙ་ན་དང༌། སྣུབས་ནམ་མཁའི་སྙིང་པོ་དང༌། སྦ་ཡེ་ཤེས་དབྱངས་དང༌། དཔོན་སློབ་ཀུན་གྱིས་ལྷ་མ་སྲིན་སྡེ་བརྒྱད་ལ་དཀར་པོ་གིང༌།