R1186: ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད།

  • Pagination (Witness A): [-]
ནག་པོ་བདུད། དམར་པོ་བཙན། སྲོག་གཅོད་གནོད་སྦྱིན། ཤན་པ་སྲིན་པོ། ནད་གཏོང་མ་མོ། དྲག་པོ་གཟའ། གདུག་པ་ཀླུ། དེ་རྣམས་ཀྱི་སྒྲུབ་ཐབས་བསམ་གྱིས་མི་ཁྱབ་པ་ཞིག་བསྒྱུར་རོ། །ཁྱད་པར་དུ་བསྟན་པ་སྤྱིའི་སྲུང་མ་དཔལ་མགོན་པོ་ནག་པོ་དང༌། དཔལ་ལྷ་མོ་ནག་མོ་དང༌། སྔགས་སྲུང་ནག་སྨུག་རྣམ་གསུམ་གྱི་རྒྱུད་དང་སྒྲུབ་ཐབས་བསམ་གྱིས་མི་ཁྱབ་པ་བསྒྱུར་རོ། །ལྷ་མ་སྲིན་ཐམས་ཅད་ཀྱི་སྣ་འདྲེན་གྱིས་རྡོརྗེ་ལེགས་པའི་རྒྱུད་དང༌། སྒྲུབ་ཐབས་བསམ་གྱིས་མི་ཁྱབ་པ་གཅིག་བསྒྱུར་རོ། །སྟེང་ནས་ནམ་མཁའ་ལ་དབང་བྱེད་པའི་གཟའ་གདོན་ལ་སོགས་པ་དང༌། ཆུ་འཁྱགས་སེར་བ། གནམ་ལྕགས་ཐོག་དང༌། མགོ་ནག་ལ་དབང་བྱེད་པའི་ཀླུ་བདུད་ལ་སོགས་པས་མཛེ་ནད་སྣ་ཚོགས་གཏང་བའི་གཏད་ཁྲམ། དེ་ལ་སོགས་པའི་དྲག་སྔགས་ངན་སྔགས་བསམ་གྱིས་མི་ཁྱབ་པ་ཞིག་བསྒྱུར་རོ། །དེ་ནས་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་ལ་བསྟན་སྲུང་རྣམས་གཏད་པའོ། །བདག་འདྲ་པད་མ་འབྱུང་གནས་དང༌། བཻ་རོ་ཙ་ན་ནམ་མཁའི་སྙིང་པོ་དང༌། ཨ་ཙརྱ་ཡེ་ཤེས་དབྱངས་ཀྱིས། སྐལ་ལྡན་བོད་ཀྱི་རྗེ་ཁྲི་སྲོང་ལྡེ་བཙན་ལ་བདུད་རྩི་ཐིགས་བསགས་གཏད། གཏད་དོ་གཉེར་དུ་གཏད། ཆོངས་ཤིག་ཐུགས་ལ་ཆོངས། །ཡང་ན་སྣོད་དང་ལྡན་ན་རབ། །ཡང་ན་སྙིང་རྗེ་ཆེ་ན་འབྲིང༌། །ཐ་མ་སྒྱུ་མའི་ནོང་ལ་སྦྱིན། །འདི་གསུམ་དག་དང་མ་འབྲེལ་བར། །གཏད་ནས་ངན་སྔགས་འཕེལ་གྱུར་ན། །སྔགས་ཀྱི་བདག་པོ་བདག་མོ་ཡིས། །རྒྱལ་པོའི་ཚེ་བསྐུལ་ངན་སོང་ལྷུང༌། །དེ་བས་རིན་ཆེན་སྲོག་ལྟར་ཆོངས། །ཞེས་གསུངས་ཏེ་བསྟན་སྲུང་རྣམས་རྒྱལ་པོ་ལ་གཏད་དོ། །དེ་ནས་མངའ་བདག་རྒྱལ་པོ་རབ་ཏུ་དགྱེས་ནས། རྟ་ཆིབས་པ་མཚལ་བུ་བྱ་གདོང་གིས་སྣ་དྲངས་པའི་རྒྱལ་པོའི་འོག་རྟ་དྲུག་ལ་གསེར་སྲབ་གཡུ་མཐུར་སེང་ལྡེང་སྒ་བྲ། ཟ་འོག་གི་ཧོར་སྟན་ཕོ་ལོང་རིས་སུ་བྲིས་པ། གསེར་རིལ་མ་བྲེ་ཞོ་གཅིག གཡུ་བྲེ་གང༌། རྗེའི་མགུལ་གཡུ་མཚོ་རོ་འོད་འབར་མགལ་ནས་བཀྲོལ་ཏེ། དེ་རྣམས་སློབ་དཔོན་ལ་ཕུལ་ནས་ཕྱག་དབུ་ཐོད་བུད་བུད་འཚལ་ལོ། །སློབ་དཔོན་གྱི་གསུང་གིས་སྒྱུ་མའི་ནོར་ལ་ཕངས་པ་མེད་པར་ཕུལ་པས་ངོ་མཚར་ཆེ། ཕྱག་བྱད་བཟང་ལགས་གསུངས་པ་དང༌། བངའ་བདག་གི་ཐུགས་དགོངས་ལ་སློབ་དཔོན་ཀྱང་ལྷོ་བལ་ནས་བྱོན་པས་ནོར་ཕུལ་བ་ལ་དགྱེས་པར་འདུག ནོར་དད་རང་ཆེ་བར་འདུག་སྙམ་པ་དང༌། སློབ་དཔོན་མངོན་པར་ཤེས་པ་མངའ་བས་རྒྱལ་པོའི་ཐུགས་དངོགས་ལ་དེ་ལྟར་བ་དང༌། སློབ་དཔོན་གྱི་ཟལ་རྗེ་མངའ་བདག་ཐུ་བ་ཟེད་ཅིག་གསུངས་ནས། བྱེ་མ་དང་རྡེའུ་ཁྲག་ཁྲོག་ཐུ་བར་བླུགས་ནས་ཨེན་ཅིག་ཟུངས་ཤིག་གསུངས་པ་དང༌། རྡེའུ་ཁྲག་ཁྲོན་གཡུར་སོང་ནས་དུག་པ་དང༌། སློབ་དཔོན་གྱི་ཞལ་ནས། རྗེའི་སྒྲིབ་པ་སྦྱོང་བ་དང༌། རྒྱུ་བསོད་ནམས་ཀྱི་ཚོགས་རྫོགས་པར་བྱ་བའི་ཕྱིར་བླང་བར་ཟད་ཀྱི། དེ་མིན་ང་ལ་སྣང་བ་ཐམས་ཅད་གསེར་དུ་ཡོད། ང་ལ་ནི་སྒྱུ་མའི་ནོར་གྱི་དགོས་པ་མེད་པས། རྒྱལ་པོ་རང་ཅི་དགར་སྤྱོད་ཅིག་ཅེས་གསུངས་པ་དང༌། རྒྱལ་པོ་ཉིད་ཐུགས་སྐྱེངས་ཏེ་ངོ་ཚ་བར་གྱུར་ནས་འགྱོད་པས་སློབ་དཔོན་ཆེན་པོ་ལགས། བདག་ནི་མཐའ་འཁོབ་རྒྱལ་པོར་སོང༌། །སྒྲིབ་པ་ཆེ་བས་ཐེ་ཚོམ་བྱུང༌། །གནོང་ངོ་འགྱོད་དོ་སྤྲུལ་པའི་སྐུ། ༌།ཐུགས་རྗེས་ཟུངས་ཤིག་བཀའ་དྲེན་ཅན། །དམ་ཚིག་ཉམས་པ་སྐོང་ཐབས་ཞུ། །ཞེས་ལུས་གཅེར་བུར་ས་ལ་བརྡམས། བརྐྱངས་ཕྱག་འཚལ། སྤྱན་ཆབ་ཕྱུང་ནས་ཕྱག་དབུ་ཐོད་བུད་བུད་འཚལ། དེ་ནས་སློབ་དཔོན་གྱིས་རྒྱལ་པོ་ལ་གསུངས་པ། རྒྱལ་པོ་ཉིད་རྒ་སེམས་ཅན་ལགས་པས་སེམས་རྟོག་པ་བྱུང་ཡང་དམ་ཚིག་ཉམས་རྒྱུ་མེད། ང་ནི་རྣལ་འབྱོར་པ་ཡིན་པས་སེམས་ལ་ཁོང་ཁྲོ་བ་མེད། རྗེ་རང་བཤགས་པ་ལྟ་བའི་སྒོམ་ལ་མཛོད། སེམས་རྟོག་དྲི་མ་ལམ་ལ་གཞུག་གཙོ་བོར་དགེ་བཅུ་སྤྱོད་པ་མི་དགེ་བཅུ་པོ་སྤོངས། ཅི་བྱས་ཆོས་སུ་སྤྱོད་ལ་ཆོས་ཁྲིམས་དམ་པར་སྐྱོང་ས། སྡིག་སྤྱོད་བློན་པོ་ལ་མ་ཉན། དགྲའི་ཐེ་ཚོམ་ཆོད། ཅེས་གསུངས་ནས། དམ་ཚིག་ཉམས་པ་སྐོང་བའི་སྐད་དུ་རྒྱུན་བཤགས་གནང་ངོ༌། །ངན་སྔགས་ཀྱི་འགྱུར་བྱང་དང༌། རྒྱལ་པོ་ལ་དམ་ཚིག་སྐོང་ཐབས་གནང་བའི་ལོ་རྒྱུས་ཆོས་འབྱུང་ལསགས་སོ། །དེ་ནས་སློབ་དཔོན་པད་མ་འབྱུང་གནས་ལ།