རྗེ་མངའ་བདག་ཁྲི་སྲོང་ལྡེ་བཙན་རྗེ་འབངས་ཉི་ཤུ་རྩ་ལྔས། བསམ་ཡས་མཆིམས་ཕུ་ཕུག་པ་ཆེན་པོར། རྫོགས་པ་ཆེན་པོ་ནམ་མཁའ་ཚེའི་དབང་ཞུས་པའི་དུས་སུ། རྒྱལ་པོས་སློབ་དཔོན་པད་མ་འབྱུང་གནས་ལ་གཟིགས་ཤིང༌། བརྟགས་པས་ཤིན་ཏུ་ངོ་མཚར་སྐྱེས་ཏེ། སློབ་དཔོན་ཆེན་པོ་ཁྱོད་ལྟ་བུ་དང་པོ་བསྐལ་པ་བཟང་པོ་ནས་འཇིག་རྟེན་འཁོར་བ་མ་སྟོངས་ཀྱི་བར་དུ་སྐུ་ཚེ་ལ་བགྲེས་རྒུད་སྐྱེ་འཆི་མ་མངའ། ཚེའི་རིག་འཛིན་ཐོབ་པ་ཐབས་ཇི་ལྟ་བུའི་སྒོ་ནས་བརྙེས་པ་ལགས་ཞེས་ཞུས་པས། སློབ་དཔོན་གྱི་ཞལ་ནས་ངས་རིག་པ་རྩེ་གཅིག་ཏུ་བཟུང་ནས་འཁོར་འདས་ཀྱི་རུ་ཤན་ཕྱེ་ནས་ཉམས་སུ་བླངས་ཏེ་བསྒྲུབས་པས། ལུས་ཀྱི་འབྱུང་བ་དྭངས་ནས་རྡོ་རྗ་ལྟ་བུར་གྱུར་པ་ཡིན། བཅོམ་ལྡན་འདས་མགོན་པོ་ཚེ་དཔག་ཏུ་མེད་པ་ལ་གསོལ་བ་བཏབ་སྟེ་བསྒྲུབས་པས། དངོས་གྲུབ་ཚེ་ལ་དབང་བ་ལྟ་བུར་ཐོབ་ནས་ཚེ་ཉི་ཟླ་དང་མཉམ་པར་གྱུར་པ་ཡིན། དེ་ནས་སྐྱེ་འཆི་མེད་པར་གྱུར་པ་ཡིན། རྩ་དང་རླུང་གི་བདེ་དྲོད་ལ་བརྟེན་ནས་དྭགས་སྙིགས་ཕྱེ་ནས། གཟུངས་མ་མཚན་དང་ལྡན་པ་ལ་ཉམས་སུ་བླངས་ནས་བསྒྲུབས་པས་ཚེ་ལོ་སྟོང་གི་བར་དུ་གནས་པ་ཡང་ཡོད། སྨན་དང་རྩྭའི་བཅུད་ལ་བརྟེན་ཏེ་བསྒྲུབས་པས། ཚེ་ལོ་ལྔ་བརྒྱའི་བར་དུ་བསྲིངས་པ་ཡང་ཡོད་དོ་གསུངས་པས། རྗེ་མངའ་བདག་རྒྱལ་པོའི་ཞལ་ནས། བདག་ཀྱང་གོ་ག་ཚེའི་རིག་འཛིན་ཐོབ་ནས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པ་ཞིག་ཞུ་འཚལ། ཞེས་ཞུས་པས། སློབ་དཔོན་ཆེན་པོའི་ཞལ་ནས། བདག་ཀྱང་རྡོ་རྗེ་ཐེག་པ་ཆེན་པོ་ཕྱི་ནང་གསང་བ་གསུམ་གྱི་དབང་མ་ལུས་པར་ལོངས་སྤྱོད་པས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ། མགོན་པོ་ཚེ་དཔག་ཏུ་མེད་པ་ལ་གསོལ་བ་བཏབ་ཅིང་བསྒྲུབས་པས་ཚེའི་རིག་འཛིན་ཐོབ་ནས་སྐྱེ་འཆི་མེད་པར་གནས་པ་ཡི། ད་རྒྱལ་པོ་ལ་ཡང་དེ་ལྟར་བགྱིའོ་གསུངས་ནས། དུས་དེ་ཉིད་རང་དུ་བྲག་དམར་གཡའ་མ་ལུང་གི་དབེན་རྩ་རུ་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་ཏུ་མེད་པའི་དཀྱིལ་འཁོར་ཞལ་ཕྱེ་ནས། ཚེའི་བུམ་པ་རིན་པོ་ཆེ་ཕྲ་མེན་གྱི་བུམ་པ་གཅིག་གིས་ཐོག་དྲངས་པའི། བཅོམ་ལྡན་འདས་རིགས་ལྔའི་བུམ་པ་ལྔ༌། ལས་བུམ་གཅིག་དང་དྲུག་བྱིན་གྱིས་བརླབས་ནས། རྫས་བཀོད་མཛད་ནས་མཚམས་བཅད་དོ། །མཁའ་འགྲོ་བཀྲ་ཤིས་མཚོ་རྒྱལ། ཤེལ་དཀར་བཟའ་རྡོ་རྗ་མཚོ་དང༌། འབྲོ་བཟའ་ཏི་པང་མ། རུ་ཡོང་བཟའ་མ་འཏིང་མ། མཆིམས་རིན་ཆེན་གསལ་ལེ་འོད། མེར་གོང་བཟའ་རིན་ཆེན་གཙུག་དང་དྲུག་ལ་སེགས་ཏེ། ཁྱད་པར་གྱི་བུ་མོ་གཟུངས་མར་བྱས། སྣུབས་ནམ་མཁའི་སྙིང་པོ། ལོ་ཙཱ་བ་སྙགས་ཛྙཱ་ན་ཀུ་མ་ར་དང་སྣན་སྦ་ཨ་ཙརྱ་དཔལ་དབྱངས་ལ་ཙོགས་པ་གྲུབ་ཆེན་ཉི་ཤུ་རྩ་ལྔ་དང་བཅས་པས་ཚེ་བསྒྲུབས་ཏེ། ད་སྟེ་ཟླ་བ་གཅིག་དང་ཞག་བཅུ་སོང་ཙ་ན་ཚེ་ཆུ་ལ་རྒྱལ་བློན་རྣམས་ཤོག་ཅེས་གསུངས། དེར་ཚེ་བསྒྲུབས་ནས་ཟླ་བ་གཅིག་དང༌། ཞག་བཅུ་སོང་ཙ་ན། བྲག་དམར་གཡའ་མ་ལུང་གི་ནམ་མཁའ་ལ་བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པ་ཚེའི་ལྷ་མོ་ཉཉི་ཤུ་དང༌། ཕྱོགས་བཅུའི་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་མདུན་གྱི་ནམ་མཁའ་ལ་བྱོན་ནས་ཚེའི་བུམ་པ་ལ་ཐེམ་པ་དང༌། འོད་ཟེར་དཀར་པོ་འཕྲོས་པས། འཇིག་རྟེན་རིགས་དྲུག་གི་སེམས་ཅན་ལ་ཕོག་པས་སོ་སོའི་སྡིག་སྒྲིབ་སྦྱངས། སྡུག་བསྔལ་ཞི་བར་གྱུར་པ་དང༌། འོད་ཟེར་དམར་པོ་ཚུར་འདུས་པས་ཚེའི་བདུད་རྩིར་གྱུར་པ་ལ་སོགས་པ་བྱུང་ནས། སློབ་དཔོན་གྱིས་སྲུང་མ་བསྐུལ་ནས། རྒྱལ་པོ་རྗེ་འབངས་ཚེ་ཆུ་ལ་བོས་ལ་ཤོག་གསུངས་པ་དང༌། རྒྱལ་པོའི་མནའ་ལམ་དུ་ཡང་བྲག་དམར་གཡའ་མ་ལུང་ནས་ཚེའི་འོད་ཟེར་རྒྱལ་པོའི་དབུ་ལ་ཤར་ནས་བྱུང་བའི་དུས་སུ་སྲུང་མ་རྣམས་ཀྱིས་རྒྱལ་པོ་ཚེ་ཆུ་ལ་ཤོག་བྱས་པས། དེར་རྒྱལ་པོས་འཁོར་བཙུན་མོ་དང༌། ནང་མི་བློན་པོ་ལ་བརྒྱུད་ནས། བློན་པོ་ཆེན་པོ་བདུན་སྦྲོན་དུ་བཏང་བས། བློན་པོ་ཆེན་པོ་བདུན་པོ་རེ་རེ་ལ་འཁོར་ལྔ་བརྒྱ་ལྔ་བརྒྱས་བསྐོར་ནས། ཡོམ་འབོག་གི་ཐང་ལ་འཚོགས་པ་དང༌། རྒྱལ་པོ་ནམ་ལངས་ཉི་མ་མ་ཤར་གྱི་གོང་དུ། སྒོ་ནས་ཐོན་ཏེ་ཆིབས་ཐོག་ཏུ་བྱོན་པ་ལ། བློན་པོ་ཆེན་པོ་རྣམས་ཀྱིས་ཕྱག་བྱས་ཟུག་བསྣེམས་ནས་ཞེ་ས་ཕུལ། དེའི་དུས་སུ་བློན་པོ་ཆེན་པོ་རྣམས་ཀྱི་ནང་ནས།