R1186: ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད།

  • Pagination (Witness A): [-]
ངན་ལམ་ཏ་ར་ཀླུ་གོང་ནག་པོ་བྱ་བ་དེས། རྗེ་འབངས་མངའ་བདག་རྒྱལ་པོའི་ཆིབས་ཁ་ནས་བཟུང་ནས་རྗེ་ལགས། ཚེ་ཆུ་ལ་བཞུད་པ་ནི་བླུན་རྨོངས་པའོ། །ཁ་རྩང་ཟླ་བ་སྔོན་མ་ལ་མཆིམས་ཕུར་བླ་མཆོད་པཎྜི་ཏས་རྩི་དུག་ཉོས་ནས་སོང་སྐད་དོ། །རྩི་དུག་བས་ཀྱང་བཟོད་པལ། རི་གདོང་གི་བྲག་ལ་ཡི་གེ་བྲིས་ནས། བོད་ན་དུག་ཡོས་ཟོན་གྱིས་ཤིག་སྐད་དོ། །ཁ་ཙང་དབང་སྐུར་བའི་དུས་སུ་ཡང༌། ཇོ་མོ་རྒྱལ་སྲིད་ཁོར་འབངས་དང་བཅས་པ་ཕུལ་ཅིག་གསུངས། རྗེའི་རྒྱལ་ས་ལ་མཐའི་མོན་པ་སྤྱི་བཅིངས་འདི་སྙོབ་པ་རིང་ནས་གདའ་འོ། །དེ་བས་ད་ལན་ཚེ་ཆུ་འདི་རང་བཤོལ་ན་མི་དྲག་གམ། ད་རེས་བཤོལ་ལ་ཐོང་ཞེས་ཞུས་པས། ནང་རྟགས་ཕྱི་རུ་ཤར། ཤིང་གི་ལོ་མ་སྐྱེས་པ་འདྲ། ཐུགས་བསམ་གཅིག་མཛོད་ཅིག་ཞུས་པ་དང༌། རྗེ་དར་ཅིག་སེམས་དེ་སེམས་པ་ལ་བཞུགས་པ་དང༌། མིའི་རྣམ་པར་ཤེས་པ་འདི་དཔག་པར་དཀའ་བས། ད་ལན་གྱི་ཚེ་ཆུ་དེ་བཤོལ་ལ་མཐོང་ཞེས་ཏེ། ཆིབས་ཁ་ནང་དུ་བསྒྱུར་བས། བློན་པོ་རྣམས་སྲན་ཕུང་ལ་རྡོ་བརྒྱབ་པ་བཞིན་སོ་སོར་གྱེས་སོ། །དེ་ལྟར་རྒྱལ་པོ་ཚེ་ཆུ་ལ་མ་བྱོན་ནས། དེ་མ་ཐག་སྐད་ཅིག་ལ་སྲུང་མ་རྣམས་ཀྱིས་ཚུལ་དེ་ལྟར་སློབ་དཔོན་གྱི་སྙན་དུ་གསོལ་བས། སློབ་དཔོན་དབང་བསྐུར་གྱི་སྟ་གོན་དང་དངོས་གྲུབ་ཀྱི་བསྐུལ་ཆོག་མཛད་པ་ལས། ཞལ་རས་ནག་པོར་སོང་བ་ལས། མཚོ་རྒྱལ་མི་བརྗེད་པའི་གསུངས་ཐོབ་ཅིང༌། མངོན་པར་ཤེས་པ་ཕྲ་མོ་མངའ་བས། སློབ་དཔོན་ལ་ཞུས་པ། རྗེ་མངའ་བདག་ཚེ་ཆུ་ལ་མི་འབྱོན་པར་གདའ་འམ་ཞུས་པས། རྒྱལ་པོ་རྗེ་འབངས་རང་རེ་ལ་བློ་ལོག་པ་བཟུང་ནས། ཚེ་ཆུ་མི་འཐུང་བར་ཡོད་གསུངས་པས། ཡང་ཞུས་པ། འོ་ན་འདི་འཏུང་པའི་སྐལ་ལྡན་གང་ལགས། འཐུང་ན་ཡོན་ཏན་ཅི་འབྱུང་ཞུས་པས། སློབ་དཔོན་གྱི་ཞལ་ནས་འདི་སྐད་གསུངས་སོ། །མགོན་པོ་ཚེ་དཔག་མེད་པས་བྱིན་བརླབས་ཀྱང༌། །ཚེ་འདོད་མེ་ཏོག་ཨུ་དུམ་ཝ་ར་འདྲ། །སྐལ་ལྡན་ཚེ་ལ་དབང་བ་ཉི་ཟླ་ཙམ། །འདི་འཐུང་ཚེ་ལོ་སྟོང་ཕྲག་བདུན་ཚོ་གསུམ། །སེམས་ཅན་ལུས་ལ་སྐལ་བ་བཟང་པོར་འགྱུར། །རྒྱལ་པོ་མའི་མངལ་ཁ་སྟོང་སྲིད་དམ། །ཟུང་འཇུག་འཁོར་བའི་ལས་ལ་སྤྲོ་སྲིད་དམ། །ཚེ་ཚུ་འདི་ལ་དབང་བའི་སྐྱེས་བུ་གང༌། །མ་འོངས་སྐལ་ལྡན་རྣམས་ལ་གཏེར་དུ་བཞག །གསུངས་ནས་གཏེར་དུ་སྦས་པ་ཡིན་ནོ། །སྐུའི་འོད་ཟེར་གྱིས་ཐལ་ལེ་བོར། ཕོག་པའི་གནས་བྲག་དམར་རྫ་ཕུག་གི་གླིང་བྱ་བ་བྱ་ཁྱུང་གི་གཤོག་པ་འདྲ་བར། སློབ་དཔོན་རང་གི་སྒྲུབ་གནས་བྲག་མཆོད་རྟེན་འདྲ་བ་བྱིན་ཆེ་བ་ཡོད་པ་ལ། རིན་ཆེན་ཕྲ་མེན་གྱི་བུམ་པ་དབུས་ཀྱི་ངེ་དང༌། དེ་དུས་ཀྱི་བཀོད་པའི་རྫས་དང༌། གཏོར་མ་རཀྟ་བདུད་རྩི་ཚེའི་ཕུར་པ་དང་བཅས་པ་སྦས་སོ། །གཞན་ཡང་གུ་རུའི་ན་བཟའ། གསེར་གཞོང་པ་གང་དང༌། གཏེར་ཡིག་ཀྱང་སྦས་སོ། །གཅིག་བྲག་ལྷ་རི་ལ་སྦས་སོ། །གཅིག་ནུབ་ཀྱི་ཕྱོགས་སུ་བྲག་རྡོ་རྗེ་ཚེ་བརྟན་ལ་སྦས་སོ། །གཅིག་བྱང་ཕྱོགས་བྲག་ལྷ་ལུང་གི་སྒོའི་ནང་དུ་སྦས་སོ། །གཅིག་བྲག་དམར་གྱི་རྫ་ལ་སྦས་སོ། །ལས་ཀྱི་བུམ་པ་ཟུངས་མཁར་རྡོའི་མཆོད་རྟེན་ལ་སྦས་སོ། །དེ་རྣམས་ཀྱང་སློབ་དཔོན་གྱིས་ཞབས་ཀྱིས་བཅགས་ཤིང་བསྒྲུབས་པའི་གནས་ཡིན་པས་གཏེར་ཡིག་ཀྱང་སྦས་སོ། །སློབ་དཔོན་གྱིས་ཚེ་ཆུ་བསྒྲུབས་ནས་མ་འོངས་སྐལ་ལྡན་ལ་གཏེར་དུ་སྦས་པའི་ལོ་རྒྱུས་ལགས་སོ། །དེ་ནས་སློབ་དཔོན་པད་མ་འབྱུང་གནས་ཀྱིས་རྗེ་ཁྲི་སྲོང་ལྡེ་བཙན་ལ་བཀའ་བསྩལ་པ། བདག་འདྲ་པད་མ་འབྱུང་གནས་དང༌། །སྦ་གོར་བཻ་རོ་ཙ་ན་དང༌། །སྣུབས་ནམ་མཁའི་སྙིང་པོ་དང༌། །ཨ་ཙརྱ་ཡེ་ཤེས་དལཔལ་དབྱངས་ཀྱིས། །རྗེའི་རྒྱལ་ཁྲིམས་བསྲུང་བའི་ཕྱིར། །དྲག་སྔགས་ངན་སྔགས་བསྒྱུར་བ་ནི། །རྒྱ་གར་སྐད་དང་ཨུ་རྒྱན་སྐད། །སིང་ངའི་སྐད་དང་ས་ལའི་སྐད། །ལིའི་སྐད་དང་བལ་པོའི་སྐད། །ཟ་ཧོར་སྐད་དང་བྷེ་ཏའི་སྐད། །མ་རུ་ཙེའི་སྐད་དང་རྒྱ་ནག་སྐད། །ཁ་ཆེའི་སྐད་དང་གྲུ་གུའི་སྐད། །ཐོ་གར་སྐད་དང་ཟངས་གླིང་སྐད། །གསེར་གླིང་སྐད་དང་སྲིན་པོའི་སྐད། །རྟ་ཤང་སྐད་དང་བོད་ཀྱི་སྐད། །སྐད་རིགས་མི་འདྲ་མཁའ་འགྲོའི་བརྡའ་སྐད་བསྒྱུར། །གནོད་སྦྱིན་ཕོ་མོ་མང་པོའི་སྐད་དུ། །འཕྲུལ་འཁོར་བསྡེབས་ནས་གསང་སྔགས་མང་པོ་བསྒྱུར།