R1186: ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད།

  • Pagination (Witness A): [-]
།བྷ་ཏ་ཧོར་གྱི་སྒོམ་གྲ་བཅོམ་ནས་ནི། །མགོ་ནག་དཔེ་ཧར་བོས་ནས་བསམ་ཡས་ཀྱི། །ལྷ་འདྲེ་མང་པོ་གཏེར་གྱི་སྲུང་མར་བསྐོས། །ཚེ་གཅིག་སངས་རྒྱས་སྒྲུབ་པའི་དམ་ཆོས་མང་པོ་བསྒྱུར། །རྒྱལ་པོ་གཡེངས་པས་ཉམས་སུ་མི་ལེན་པར། །ལས་ཀྱི་འཕྲོ་བཞག་སྐྱེ་བ་བཅུ་བདུན་དུ། །བརྒྱུད་པའི་མཐའ་མར་རྒྱལ་ཉིད་དང་འཕྲད་པར་ཤོག །ཅེས་གཏེར་དུ་སྦས་སོ། །གསང་སྔགས་དྲག་སྔགས་མང་པོ་རྣམས། །སྐལ་ལྡན་འགའ་ལ་གཏེར་དུ་སྦ་བར་བྱ། །དེ་ཡང་གླང་ལུག་གི་འབྲུག་གཤེད་བཞིའི་ལོ། །སྲོག་གི་ལག་ཡིན་བཏོན་ཀྱང་སྲོག་མི་འཆད། །དེ་བཞིན་མ་ཡིན་གཏེར་གྱི་དབང་སྐལ་མེད། །གལ་ཏེ་ཐོན་ཀྱང་མྱུར་དུ་བརླག་པར་འགྱུར། །ད་ལྟ་རྒྱལ་ཁྲིམས་གཉན་པས་སྲོག་སེར་ཐོག་མི་དགོས། །དུས་ངན་འབྱུང་དུས་དགོས་པས་སྐལ་ལྡན་རྣམས་ལ་བཞག །ལས་ཅན་རྣམས་ལ་རྒྱ་ཡིས་བཏབ་ལ་བཞག །ཅེས་གསུངས་ཏེ། ཡང་རྗེ་མངའ་བདག་གིས་གསུངས་པ། ཨེ་མ་ཧོ། སློབ་དཔོན་ཆེན་པོ་ལགས། སློབ་དཔོན་མངོན་ཤེས་མངའ་བས་ཕྱི་མ་ཅི་འབྱུང་མཁྱེན། །གཏེར་དུ་སྦེད་ན་གང་དུ་སྦེད། །བདག་སྐྱེ་བ་ལེན་ན་གང་དུ་ལེན། །ཆོས་དང་འཕྲད་ན་གང་ལྟར་འཕྲད། །སློབ་དཔོན་བཀའ་ལུང་བསྩལ་དུ་གསོལ། །ཞེས་ཞུས་པས། སློབ་དཔོན་དང་རྒྱལ་པོས་ཆོས་དང་ངན་སྔགས་རྣམས་ལྷོ་གཏེར་དུ་སྦས་སོ། །གཏེར་ཁ་བརྒྱ་དང་རྩ་བརྒྱད་དུ་སྦས་སོ། །དེ་ཡང་སྦས་ལུགས་ནི། དབུ་རྩེ་རིགས་གསུམ་གྱི་གཏེར་མཛོད་རེ་རེ་རུ། །རྒྱལ་པོའི་བླ་གཏེར་དུ་སྦས་སོ། །ཆོས་ཀྱི་གཏེར་མཛོད་ཡིན། ཁྱད་པར་གླིང་གསུམ་དུ། བུ་ཚལ་གསེར་ཁང་གླིང་དང༌། ཁམས་གསུམ་ཟངས་ཁང་གླིང་དང༌། དགེ་རྒྱས་བྱེ་མ་གླིང་དུ་ཇོ་མོ་གསུམ་གྱི་གཏེར་མཛོད། བླ་གཏེར་རེ་རེ་སྦས། ཡཀྵ་ལྟག་འོང་ཏུ། གཏེར་ཁ་རེ་རེ་སྦས། དཔེ་ཧར་གླིང་དང་མགོན་ཁང་བཞིར་མཐུ་གཏེར་ཕལ་ཆེར་སྦས། ཕྱོགས་བཞིའི་མཆོད་རརྟེན་བཞིར། དཀར་པོར་ཆོས་གཏེར་སྦས། ནག་པོར་མཐུ་སྟེར་སྦས། སྔོན་པོར་བཟོ་ཡིག་སྦས། དམར་པོར་སྨན་ཡིག་སྦས། མཆིམས་ཕུ་ཡང་དབེན་དུ་སློབ་དཔོན་ཐུགས་དམ་གྱི་གཏེར་མཛོད་ཆེན་པོ་སྦས། བྲེ་གུ་དགེ་བུ་ཡང་མཛོད་གསང་སྦས། ལྷོ་སྐྱེར་ཆུའི་ལྷ་ཁང་དུ་རྒྱུད་འདོད་པ་འབྱུང་བ་དང༌། སྡེ་སྣོད་ཀུན་འདུས་དང༌། བུམ་ཐང་རྩི་ལུངས་སུ་སེམས་ཕྱོགས་ཐམས་ཅད་སྦས། བུམ་ཐང་དགེ་གནས་སུ་མ་མོ་འདུས་པ་དང༌། མོ་རྒྱུད་ཐམས་ཅད་སྦས། གཙང་འགྲམ་ལྷ་ཁང་དུ་གཤིན་རྗེ་དམར་ནག་དང༌། ངན་སྔགས་བརྒྱ་རྩབཅུ་སྦས། བྱང་སྤྲ་དུན་རྩེ་དང༌། སྐྱཽན་དུན་རྩེ་རུ། ངན་སྔགས་བརྒྱ་རྩ་བརྒྱད་སྦས། གཡས་རུ་གཙང་འགྲམ་དུ། ཆོས་སྨན་རྩིས་རིན་ཆེན་རྣམ་གསུམ་སྦས། རྩིས་ཀྱི་ལྷ་ཁང་དུ་རྒྱུད་ལུང་མན་ངག་སྦས། སྨྱུག་གི་ལྷ་ཁང་དུ། སྲོག་གི་ཐིག་ལེ་སྦས། ཁམས་ཀྱི་ཀློང་ཐང་སྒྲོན་མ་རུ། ལྷ་མོའི་རྒྱུད་གསུམ་དང༌། སྤུ་གྲི་རྣམ་གསུམ་སྦས། ཤར་ཀོང་བུ་ཆུ་མཐར་ལེགས་ཀྱི་ལྷ་ཁང་དུ། མཐུ་དང་རྫུ་འཕྲུལ་སྦས། གཡོ་རུ་ཁྲ་འབྲུག་ཏུ། ངན་སྔགས་བཅུ་གསུམ་སྦས། ལྷོ་བྲག་ཁོ་འཐིང་དུ། བདེ་གཤེགས་འདུས་པ་སྦས། མདོས་དང་མ་མོ་སྦས། སྟག་ཚང་སེང་ཕུག་ཏུ། དྲག་སྔགས་ངན་སྔགས་སུམ་ཅུ་སྦས། མོན་ཁ་ན་རིང་དུ་སྤྱི་ཏེ་ཡོ་ག་དང༌། རེག་གཅོད་བཞི་པོ་སྦས། སྒྲེགས་ཀྱི་ཡང་རྫོང་དུ་ཕུར་པ་ཐམས་ཅད་དང༌། གཤིན་རྗེ་ཐམས་ཅད་སྦས། ཕོ་མ་རྫིང་ཕུག་ཏུ་བསི་མོའི་ངན་སྔགས་དང༌། གསང་བའི་ཕུར་གཅིག་སྦས། ཡང་ཕུག་རིང་མོ་རུ། ཀླུ་བདུད་སྤུ་གྲི་དང༌། སྨུག་མོའི་སྙིང་ཐུན་སྦས། གཙང་གི་ཕུང་པོ་རི་བོ་ཆེར། གཤིན་རྗེ་ཚེ་བདག་དང༌། ཅོག་བརྟུངས་ཉི་ཤུ་རྩ་གཅིག་སྦས། རི་དང་བྲག་དང་གཉན་ས་ཐམས་ཅད་དུ། གཏེར་ཕྲན་བརྒྱ་རྩ་བརྒྱད་སྦས། ལས་ཅན་རེ་དང་འཕྲད་པར་འགྱུར། གཏེར་ཁ་འདི་རྣམས་དབྱུངས་པའི་དུས་ནི། ཟས་ངན་ལྕི་བ་ཟ་སྟེ། ཆོས་སྐོར་འཇོམས་སིང་དབེན་གནས་འཇིག བཀའ་ལ་ཉོ་ཚོང་བྱེད་ཅིང་མི་བསད་སྟོང་དུ་འཇལ། གོས་ངན་རེ་བ་གྱོན་ཏེ་ལས་སུ་དམེ་འཁྲུག་བྱེད། ལུས་ལ་ལྕགས་ཆ་གྱོན། གནས་བརྟན་དམག་དཔོན་བྱེད་ཅིང་དགེ་སློང་གྲི་རུ་གསོད། གནས་ལ་འཐབ་ར་འཆའ། དབེན་ཚ་གྲོང་དཀྱིལ་མཁར་ལ་འཆའ། སྔགས་པ་རྡོ་རྗེ་དམེ་འཐབ་བྱེད། ཟས་ངན་དུག་གི་སྦྱོར་བ་བྱེད།