དཔའ་བོ་རྡོ་གཏན་བྱེད། ཤར་བ་མདའ་གཏན་བྱེད། གཙོ་བོ་རྒྱབ་རྟེན་མནའ་ཟ། བོད་ཁྲབ་རྒྱ་བྱེ་རྒྱུན་ཆད་པ་ལྟར་སིལ་བུར་སོང་ནས། ཕ་དང་བུ་མི་འཆམ། སྤུན་དང་ཕ་སྤུན་འཁྲུག་པ་བྱེད། དགྲ་བླར་བཙན་དང་གནོད་སྤྱིན་འདྲེ་འབོད། ཨར་པས་ལམ་འཕྲང་བསྲུངས་ཤིང་འཇོམས༌། དེའི་དུས་སུ་བོད་ཐམས་ཅད་ཀྱི་སྙིང་དུ་འདྲེ་དང་འགོང་པོ་ཞུགས། བྱིས་པའི་སྙིང་ལ་ཐེ་བྲང་འཇུག བུད་མེད་སྙིང་དུ་བསེན་མོ་འཇུག ལྷ་མ་སྲིན་སྡེ་བརྒྱད་དང༌། སྣང་སྲིད་ལྷ་འདྲེ་ཐམས་ཅད་འཁྲུགས་པས། ནད་དང་མུ་གེ་དང༌། འཁྲུག་པའི་བསྐལ་པ་འབྱུང༌། དེའི་དུས་སུ་མ་ཐུབ་པ་གསུམ་འབྱུང་སྟེ། ས་ཡིས་རིན་ཆེན་གཏེར་མ་ཐུབ་སྟེ། ཆོས་གཏེར་ནོར་གཏེར་འབྱུང༌། གསེར་དངུལ་རིན་པོ་ཆེའི་ཁ་བྱེ། ཆོས་སྐྱོང་གིས་གཏད་པའི་གཉེར་མ་ཐུབ་སྟེ། དགེ་འདུན་གྱི་ནོར་ལ་རྐུ་འཕྲོག་བྱེད། ཆོས་པས་བསྒྲུབས་པའི་ཆོས་མ་ཐུབ་སྟེ། རང་མི་སྒྲུབ་པར་གདམས་པ་ཟབ་མོ་ཟོང་དུ་འཚོང༌། རང་ལ་ཉམས་ལེན་མེད་པར་མི་གཞན་ལ་བཤད་འདོད། དུས་ངན་དེ་ལྟ་བུ་གཅིག་བྱུང་ཙ་ན། མངའ་བདག་རྒྱལ་པོ་ཉིད་སྐྱེ་བ་བཅུ་བདུན་བརྒྱུད་པའི་ཐ་མ་ལ་འདི་ནས་ལྷོ་ནུབ་མཚམས་ན་ཡུུལ་རྟ་རོ་དམར་པོ་ཁ་ཕྱེ་བ་འདྲ་བ་ཞིག་གི་ནང་ན། སྐྱེས་བུ་འབྲུག་ལོ་པ་ཤེས་རབ་དང་སྙིང་རྗེ་ཆེ་བ་བརྩོན་འགྲུས་ཆེ་ལ་སྒྲུབ་པ་ལ་བརྩོན་པ། དམ་ཚིག་གཙང་ཞིང་རློམ་སེམས་ཆུང་བ། ཁོང་ཡངས་ཤིང་ཁ་ཉུང་བ། རྒྱུད་ཞི་ལ་གཞན་ལ་སྒྲོ་སྐུར་མི་འདེབས་པ། རིག་པ་མྱུར་ཞིང་ཡིད་གཞུངས་པ། མདོག་དཀར་ལ་ངང་རྒྱུད་རིང་བ། སྐྱེ་བུ་དེ་ལྟ་བུ་ཞིག་ཏུ་སྐྱེས་ནས། རྒྱལ་པོ་ཉིད་ལ་ངས་ད་ལྟ་གདམས་པ་ཐམས་ཅད་དང་འཕྲད་ནས་སྐྱེ་བ་དེ་ས་རྒྱུན་གཅོད་པར་འགྱུར་རོ། །རྒྱལ་པོ་ཉིད་ཀྱིས་སྤ་གོར་བཻ་རོ་ཙ་ན་དང༌། སྣུབས་ནམ་མཁའི་སྙིང་པོ་དང༌། ཆོས་ཀྱི་བདག་པོ་ཐེངས་རེ་སྤྱུགས་པའི་དམ་ཚིག་གི་སེལ་དང་ལས་འབྲས་ཀྱིས། ཆོས་ལ་མི་རྣམས་ཡིད་མི་ཆེས། ཆོས་འབྲེལ་གང་ཆེ་བ་ཐམས་ཅད་སྣང་བ་ཐེངས་རེ་ལྡོག་ཏུ་འོངས་བས། དེའི་དུས་སུ་ངའི་བཀའ་བཞིན་བྱེད་ན། ཡུལ་གྱི་སྙིང་པོར་ཆོས་ཀྱི་དབྱིངས་བཟུང་ལ་ཕ་ཡུལ་སྤོངས། གནས་ཀྱི་སྙིང་པོར་ནགས་ཁྲོད་དགོན་པ་རྟེན་ལ་ཁང་ཁྱིམ་སྤོངས། དགོན་པའི་སྙིང་པོར་སེམས་ཉིད་སྟོང་གསལ་བརྟེན། ཁང་པོ་ཆོས་དབྱིངས་རྒྱ་ཆད་མེད་པར་སྡོད། ཚང་བང་སྙིང་པོར་དྲན་པ་ཤེས་བཞིན་བཟུང་ལ་དགེ་སྦྱོར་ཡོ་ལང་གྱིས། མཛོད་ཀྱི་སྙིང་པོར་ཀུན་གཞི་བྱང་ཆུབ་སེམས་ལ་སྐུ་གསུམ་ནོར་རྫས་གསོག སོ་ནམ་སྙིང་པོར་ལུས་ངག་ཡིད་གསུམ་ཐ་མལ་མ་སྡོད་ཆོས་སྤྱོད་གྱིས། གྲོས་ཀྱི་སྙིང་པོར་བདེ་གཤེགས་བཀའ་དང་བླ་མའི་ཞལ་ལ་དྲིས། ཕའི་སྙིང་པོར་སྙིང་རྗེ་ཀུན་ཏུ་བཟང་པོ་ཁུར་ལ་སྙིང་རྗེ་ཟུང༌། མའི་སྙིང་པོར་བྱམས་པ་ཀུན་ཏུ་བཟང་པོ་ཁུར་ལ་འགྲོ་བ་བུ་བཞིན་སྐྱོངས། ཆུང་མའི་སྙིང་པོར་ཏིང་འཛིན་བདེ་གསལ་སྒོམས་ལ་མི་འབྲལ་འགྲོགས། བུའི་སྙིང་པོར་བླ་མའི་གདམས་ངག་དཔེ་ཆར་བྲིས་ལ་ལྟ་རྟོག་གྱིས། ཞིང་གི་སྙིང་པོར་དད་པའི་ཞིང་ས་སྐྱེད་ལ་ཆོས་དང་ཅི་མཐུན་གྱིས། འཁོར་གྱི་སྙིང་པོར་མ་སྲིང་དན་ཅན་བརྟེན་ལ་མཆོད། ཟས་ཀྱི་སྙིང་པོར་ཆོས་ཉིད་བདུད་རྩི་སྐྱེ་བ་མེད་པ་ཟོ། སྐོམ་གྱི་སྙིང་པོར་བླ་མའི་གདམས་ངག་ཞལ་གྱི་བདུད་རྩི་ངོམས་པར་འཐུངས། གོས་ཀྱི་སྙིང་པོར་དབང་དང་དམ་ཚིག་ནོད་ལ་ལུས་ངག་ཡིད་གསུམ་སྨིན་པར་གྱིས། ལྟད་མོའི་སྙིང་པོར་ཏིང་འཛིན་འཕྲོ་འདུ་གྱིས་ལ་རིག་པ་རྩལ་སྦྱོང་གྱིས། ལོངས་སྤྱོད་སྙིང་པོར་སྒྲུབ་པལ་གྱིས་ལ་ཆོས་སྤྱོད་ལམ་རིམ་སློབས། དགྲ་ལྷའི་སྙིང་པོར་ཡེ་ཤེས་ལྷ་ལ་མཆོད་པ་རྒྱུན་དུན་ཕུལ། མཆོད་གནས་སྙིང་པོར་རྡོ་རྗེ་སློབ་དཔོན་ཁུར་ལ་ཀུན་ཏུ་སྤྱི་བོར་སྒོམས་ལ་གསོལ་བ་ཐོབ། ལས་ཀྱི་སྙིང་པོར་དཔེ་ཆ་བྲིས་ལ་གང་ལ་གང་འདོད་བྱིན། མེ་ལོང་སྙིང་པོར་དམ་པའི་ཆོས་ལ་ལྟོས་ལ་གསོལ་འདེབས་གྱིས། ལྷ་ཁང་སྙིང་པོར་རང་གི་སེམས་ལ་རྩིགས་ལ་ཡི་དམ་སྒོམས། རྒྱན་གྱི་སྙིང་པོར་སྙིང་རྗེ་སེམས་ལ་འཁོད་ལ་སྙིང་རྗེ་ཕྱོགས་རིས་མེད་པར་གྱིས། ཆོས་ཉིད་སྙིང་པོར་སྟོང་ཉིད་སྤྲོས་བྲལ་མ་བཅོས་ངང་ལ་ཞོག དམ་ཚིག་སྙིང་པོར་རང་སེམས་སྒྱུ་མེད་གྱིས་ལ་སེམས་ཉིད་གཙང་སར་ཐོན།