R1186: ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད།

  • Pagination (Witness A): [-]
མན་ངག་སྙིང་པོར་རྒྱུད་ལ་ཟོལ་མེད་ཚོལ་ལ་སྙན་རྒྱུད་སྒོམས། དཀྱིལ་འཁོར་སྙིང་པོར་དགོངས་པ་འགྱུར་མེད་ཆོས་ཉིད་ངང་ལ་ཞོག ལྟ་བ་ཆོས་སྐུ་འགྱུར་མེད་ལྟོས་ལ་རང་ངོ་ཤེས་པར་གྱིས། སྒོམ་གྱི་སྙིང་པོར་སྐྱེ་མེད་ཆོས་དབྱིངས་སྒོམས་ལ་བརྟན་པར་གྱིས། སྤྱོད་པའི་སྙིང་པོར་བླང་དོར་མེད་ལཔར་སྤྱོད་ལ་ཆགས་མེད་ཞེན་མེད་གྱིས། འབྲས་བུའི་སྙིང་པོར་སྐུ་གསུམ་ཐོབ་པར་གྱིས་ལ་རང་ལས་གཞན་མ་འཚོལ། དེ་ལྟར་བྱས་ན་མངའ་བདག་ཉིད་སྐྱེ་བ་དེས་མཇུག་གཅོད། ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ་པད་མ་ལ་བརྫུས་ཏེ་སྐྱེས་ནས་སངས་རྒྱས་པར་འགྱུར་རོ། །ཞེས་མངའ་བདག་ལ་ལུང་བསྟན་ནོ། །གཏེར་ཅོས་སྦས་ལུགས་དང་མངའ་བདག་ལུང་བསྟན་པའོ། །བདག་འདྲ་པད་མ་འབྱུང་གནས་ཀྱིས། །སྔོན་གྱི་ལས་ཀྱི་འཕྲོ་མཐུད་ནས། །སུམ་སྟོང་ལྔ་བརྒྱ་ལོན་ནས་བོད་ཡུལ་དབུས་སུ་འོངས། །ལྔ་བཅུ་རྩ་གཅིག་བོད་ཡུལ་དབུས་སུ་བསྡད། །རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་བཀའ་ལུང་བསྒྲུབས། །བོད་ཀྱི་འདྲེ་སྲིན་ལྷ་སྲིན་ཐམས་ཅད་བཏུལ། །དཔལ་གྱི་བསམ་ཡས་ལྷུན་གྱིས་གྲུབ་པ་དེ། །རྒྱལ་པོས་སྟག་གི་ལོ་ལ་རྨང་བཏིང་ནས། རྟའི་ལོ་ལ་ཐུགས་དམ་བསམ་བཞིན་འགྲུབ། །ཆོས་ཀྱི་རྒྱལ་པོས་བསྟན་པ་རྒྱས་པར་བྱས། །གླང་གི་ལོ་ལ་རྒྱལ་ལྔ་བཅུ་རྩ་དྲུག་བཞེས། །དེ་ལས་རྒྱལ་པོའི་སྐུ་ཚེ་མེད་པ་ལ། །སྐུའི་རིམ་གྲོས་བཅུ་གསུམ་སྐུ་ཚེ་བསྲིངས། །དྲུག་ཅུ་རྩ་དགུ་སྟག་གི་ལོ་ལ་དགུང་དུ་གཤེགས། །བདག་ནི་འདི་རུ་མི་སྡོད་དོ། །སྒྲུབ་པའི་གནས་གཅིག་འཚོལ་དུ་འགྲོ། །གསུངས་ནས། མཆིམས་ཕུར་ཡང་དབེན་དུ་ཟླ་གསུམ་ཞག་གསུམ་བཞུགས། བྲག་དམར་རྫམ་ཕུག་གླིང་དུ་ཟླ་གསུམ་ཞག་གསུམ་བཞུགས། བྲག་དམར་གཡའ་མ་ལུང་དུ་ཟླ་གཅིག་ཞག་གཅིག་བཞུགས། སྒྲུབ་ཁང་ཟླ་གམ་དམར་ཀཔོར་ལོ་གསུམ་ཟླ་བ་གསུམ་ཞག་གསུམ་བཞུགས། སྒྲེགས་ཀྱི་ཡང་རྫོང་དུ། ཟླ་ལྔ་ཞག་ལྔ་བཞུགས། མོན་ཁ་ནེ་རིང་དུ་ཟླ་གཅིག་ཞག་གཅིག་བཞུགས། མོན་ཁ་བྲག་མཐའ་ཁྲ་མོར་ཟླ་བ་ལྔ་ཞག་དགུ་བཞུགས། མོན་མགོན་བྲག་ཕུག་ཏུ་ཟླ་བ་གཅིག་ཞག་བདུན་བཞུགས། མུ་ཏིག་ཤེལ་གོང་དུ་ཟླ་གཅིག་ཞག་བཅུ་བཞུགས། ཡར་ལུངས་ཤེལ་ཕུག་ཏུ་ཟླ་བ་གཅིག་ཞག་གསུམ་བཞུགས། སྒྲེགས་ཀྱི་ཡང་རྫོང་ཤེལ་ཕུག་ཏུ་ཟླ་བ་གསུམ་དང་ཞག་བཅུ་བཞུགས། ཟུངས་མཁར་རྡོ་རྗེའི་མཆོད་རྟེན་རྫོང་དུ་ཟླ་བ་གཅིག་ཞག་གསུམ་བཞུགས། ལྷོ་བྲག་མཁར་ཆུར་ཟླ་གཅིག་ཞག་བཅུ་བཞུགས། བྲག་ཕུག་དེ་རྣམས་ཀྱང་སྒྲུབ་གནས་ཁྱད་པར་ཅན་དུ་བྱིན་གྱིས་བརླབས། བོད་ཡུལ་ཐམས་ཅད་སྐུའི་ཞབས་ཀྱིས་བཅགས། ཕྱི་རབས་སྐལ་ལྡན་རྣམས་ལ་ཆོས་གཏེར་མང་དུ་བཞག་ནས་སྦས། ཁ་བྱང་ཡང་བྱང་སྙིང་བྱང་དོན་བྱང་ལྡེ་མིག་རྣམས་སོ་སོར་བཞག་གོ། །ལས་ཅན་རེའི་དོན་འགྲུབ་འགྱུར། ལས་ཅན་དེ་དང་འཕྲད་པར་ཤོག སྐལ་ལྡན་གཅིག་གིས་རྙེད་པར་ཤོག དེ་སྐད་ཅེས་ནི་སྨོན་ལམ་བཏབ། གཏེར་རྒྱ། སྦས་རྒྱ། གཏད་རྒྱ། ཟབ་རྒྱ། རྩིས་རྒྱ་ཕལ་ཆེར་བཏབ་སྟེ་བཞག་གོ། །སྦས་སོ་གཏེར་དུ་སྦས། ཟབ་པ་དམ་དུ་ཆོངས་ཞེས་གདམས་སོ། །དུས་ཕྱི་མ་གཏེར་དང་འཕྲད་པའི་གང་ཟག་རྣམས་ལ། གདམས་ངག་ཞལ་གདམས་སུ་བཞག་པ། དུས་ཀྱི་ཕྱི་མ་ལ་ངའི་ཆོས་དང་འཕྲད་ནས་སྤྱོད་པའི་གང་ཟག་རྣམས་ཀྱིས། མན་ངག་འཚོ་མ་ཤེས་ན་འཕྲལ་རྐྱེན་འོང་བས་གསང་ཐུབ་པར་གྱིས་ཤིག མན་ངག་ངོམས་སྔས་ན་ཕྲག་དོག་སྐྱེ། ཞལ་གྱིས་སྐུར་བ་དང་ངན་ཡོང་བས་སྒྲུབ་པ་རྟགས་ཐོན་ཅིག ཁེངས་གྲགས་དང་འབྱོར་ཆེས་ན། ཚུལ་ངན་པ་ཡོང་བས་མཐུ་དང་ཆོས་སུ་ལྡན་པར་གྱིས་ཤིག དམ་ཚིག་ས་གཞི་ལྟར་མ་ཉམས་པར་སྲུངས། དམ་ཚིག་ཉམས་ན་བཀྲ་མི་ཤིས་ཤིང་དམྱལ་བར་འགྲོ། སྒོམ་པ་ནི་གསེར་ཕུར་ལྟར་ཏོབ་ཅིག གོམས་པ་མ་བརྟན་ན་བྱེད་ལོའི་ཆོས་ཀྱིས་བརྟན་པ་མི་ཐོབ། སྤྱོད་པ་གདེངས་རང་ཆས་པར་སྤྱོད་ཅིག ཚུལ་འཆོས་ལོ་འདོད་ཀྱིས་སྣང་བ་མི་ཐུལ་ལོ། །མན་ངག་གཏེར་ལྟར་སྦོས་ཤིག སྤེལ་དྲགས་འཅལ་ནས་རྩིས་མི་འོངས། སྒོམ་སྒྲུབ་གང་བྱས་ཀྱང་རྩད་བླ་མ་ལ་ཆོད་ཅིག བླ་མའི་རྒྱུད་པ་མེད་ན་ཆོས་ལ་བྱིན་རླབས་མི་འོངས། ལྟ་སྤྱོད་རྩིང་ན་བར་གཅོད་ལྷུང་བ་ཡོང༌། ལྟ་བ་ཁ་འབྱམས་སུ་མ་གཏོར་ཞིག སྤྱོད་པ་བབ་ཅོལ་དུ་མ་སྤྱོད།