R1186: ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད།

  • Pagination (Witness A): [-]
ཆོས་ཀྱི་མཐའ་ནི་དམ་ཚིག་དང་རྟོགས་པ་དང་སྙིང་རྗེ་ལ་ཐུག་གོ། །རང་དམ་ཚིག་གཙང་དུ་སྲུང་ལ་གཞན་སྙིང་རྗེས་ཟུངས་ཤིག ཆོས་རང་གི་གྲུབ་རྟགས་མ་ཐོན་ཀཔར་གཞན་ལ་མ་ཤོད། མ་བྱིན་གཞན་ཡིད་མི་ཆེས། ཆོས་ལ་བྱིན་རླབས་མི་འབྱུང་ངོ༌། །གདམས་པ་དང་ཆོས་དུས་གཅིག་ལ་རྫོགས་པར་མ་བྱིན་ཅིག ཆོས་ཁྱེར་ནས་འབྲེལ་བ་གཅོད་པ་མང་བས་སྣོད་བརྟག་པ་གཅེས་སོ། །གཏེར་གྱི་ཆོས་འདི་ཤིན་ཏུ་ཟབ་པས་གཟོབས་ལ་སྤྱོད་ཅིག དེ་ལྟར་གཞུང་བཞིན་བྱས་ན། བྱིན་རླབས་ནི་ཤུགས་ཀྱིས་འོངས། སངས་རྒྱས་ནི་རང་ལ་རྙེད། དགོས་རྒུ་མི་ཡིས་སྒྲུབ། བཀུར་སྟི་གཞན་གྱིས་བྱེད། འཚོ་བ་ལྷས་སྦྱོར། བསམ་པ་ཡིད་བཞིན་འགྲུབ། སངས་རྒྱས་ཀྱི་རྒྱུད་བཟུང༌། ཆོས་དོན་དང་ལྡན། དགེ་འདུན་གྱི་རྟེན་འགྲུབ། སངས་རྒྱས་ཀྱི་རྒྱུད་བཟུང༌། ཆོས་དོན་དང་ལྡན། དགེ་འདུན་གྱི་རྟེན་ཚུགས། བསྟན་པ་དར་ཞིང་རྒྱས་པར་བྱ་བ་ཡིན་ནོ། །དེ་ལྟར་མ་བྱས་ནས་ཆོས་ཉམས་སུ་མ་བླངས་པར་གཞན་ལ་སྤེལ། མི་ངོ་ནོར་ངོ་ཟས་ངོར་བགཏང་ན། སངས་རྒྱས་ཀྱི་བླ་བརྗོ། ཆོས་ཀྱི་རྐད་འདྲེན། དགེ་འདུན་གྱི་ངན་དཔེ། སྡིག་པའི་དེད་དཔོན། དམྱལ་བའི་གྲོས་མཁན། རང་དོན་མེད་པར་བྱས་ནས། མི་ལུས་རིན་པོ་ཆེ་ཆུད་གཟོན་པ་ཡིན་ནོ། །ངའི་གཏེར་གྱི་ཆོས་འདི་རྣམས་ཤིན་ཏུ་གཉན་པས་འཚོ་ཤེས་པར་གྱིས་ཤིག་ཅེས་གསུངས་སོ། །སློབ་དཔོན་པད་མ་འབྱུང་གནས་ཀྱིས། བོད་ཀྱི་སྒྲུབ་གནས་བྱིན་གྱིས་བརླབས་པ་དང༌། ས་གཞི་ཞབས་ཀྱིས་བཅགས་པ་དང༌། ཞལ་གདམས་གནང་བའི་ལོ་རྒྱུས་ཆོས་འབྱུང་ལགས་སོ། །དེ་ནས་སློབ་དཔོན་པད་མ་འབྱུང་གནས་སྲིན་ཡུལ་ལང་ཀ་པུ་རི་ནག་པོ་བྱ་བ་འཛམ་བུ་གླིང་སོག་ཀའི་ཡུ་བ་ལ། སྲིན་ཡུལ་ཡོད་པས། དེ་ཨོ་རྒྱན་དང་ཐག་ཉེ་བས་སྲིན་པོས་མི་གསོད་དུ་འོངས་པས། སྲིན་པོ་འདུལ་ཞིང༌། སྲིན་པོའི་སོ་ཁ་བསྲུང་བར་ཐུགས་ཀྱིས་དགོངས་ནས། བསམ་ཡས་ནས་བཞུད་པར་ཆས་པ་ལ། ལྷ་སྲས་མུ་ཏིག་བཙན་པོ་རྒྱལ་བློན་དང༌། བོད་ཀྱི་རབ་བྱུང༌། དགེ་བཤེས། སྔགས་པ། བོན་པོ། ལྷ་རྗེ། རྣལ་འབྱོར་ཕོ་མོ། གཙོ་བོ། སྐྱེས་བུ། བུད་མེད་ལ་སོགས་པས། སློབ་དཔོན་ལ་བཞུགས་པར་ཞུ་བ་ཕུས་ཡང༌། སློབ་དཔོན་བཟུགས་པར་མ་གནང་ངོ༌། །བོད་ལ་ཐུགས་ཆད་པའི་མགུར་བཞེས་པ། བདག་འདྲ་པད་མ་འབྱུང་གནས་ཀྱིས། །སྔོན་གྱི་ལས་འཕྲོས་བོད་དུ་འོངས། །ཁྲི་སྲོང་ལྡེ་བཙན་བཀའ་ལུང་མཉན། །བསམ་ཡས་ལྷུན་གྱིས་གྲུབ་པ་བཞེངས། །ད་ནི་བོད་དུ་མི་སྡོད་དེ། །བོད་ཀྱི་མི་དང་བདག་མི་མཐུན། །རྒྱལ་ཁྲིམས་ཆོས་ཁྲིམས་མི་སྐྱོང་བར། །བློན་པོ་ཆོས་མེད་ཀྱིས་ཁ་ལོ་བསྒྱུར། །བོད་ཀྱི་རྒྱལ་པོ་དང་ང་མུ་མཐུན༌། །སྡིག་སྤྱོད་རྒྱལ་པོ་ལ་ཡི་ཏེ་མུག །ང་འགྲོ་རྒྱ་གར་ཡུལ་ལ་འགྲོ། །ཚིག་དང་དོན་དུ་མི་སྦྱོར་བ། །བོད་ཀྱི་སྟོན་ཆེན་དང་ང་མི་མཐུན། །ཐ་སྙད་མཁན་ལ་ཡི་རེ་མུག །ང་འགྲོ་རྒྱ་གར་ཡུལ་ལ་འགྲོ། །འདུལ་ཁྲིམས་གཙང་མར་མུ་སྲུང་བའི། །བོད་ཀྱི་བཙུན་པ་དང་ང་མི་མཐུན། །ཞི་གནས་མཁན་ལ་ཡི་རེ་མུག །ང་འགྲོ་རྒྱ་གར་ཡུལ་ལ་འགྲོ། །མཉམ་བཞག་རྗེས་ཐོབ་མི་བསྲེ་བ། །བོད་ཀྱི་སྒོམ་ཆེན་དང་ང་མི་མཐུན། །ཞི་གནས་མཁན་ལ་ཡི་རེ་མུག །ང་འགྲོ་རྒྱ་གར་ཡུལ་ལ་འགྲོ། །དམ་ཚིག་གཙང་མར་མི་སྲུང་བ། །བོད་ཀྱི་སྔགས་པ་དང་ང་མི་མཏུན། །དམ་ཉམས་ཚོ་ལ་ཡི་རེ་མུག །ང་འགྲོ་རྒྱ་གར་ཡུལ་ལ་འགྲོ། །ལྷ་རབས་གཙང་མར་མི་མཆོད་པ། །བོད་ཀྱི་བོན་པོ་དང་ང་མི་མཐུན། །འདྲེ་ཆོས་མཁན་ལ་ཡི་རེ་མུག །ང་འགྲོ་རྒྱ་གར་ཡུལ་ལ་འགྲོ། །བཞི་བརྒྱ་རྩ་བཞི་མི་འཆོས་པ། །བོད་ཀྱི་སྨན་པ་དང་མི་མཐུན། །མི་ཡི་ཆེ་སྐྱོང་མཁན་ལ་ཡི་རེ་མུག །ང་འགྲོ་རྒྱ་གར་ཡུལ་ལ་འགྲོ། །སྦྱིན་པ་ཕྱོགས་མེད་མི་གཏོང་བ། །བོད་ཀྱི་ཡོན་བདག་རྣམས་དང་ང་མུ་མཐུན། །གཡོ་སྒྱུ་མཁན་ལ་ཡི་རེ་མུག །ང་འགྲོ་རྒྱ་གར་ཡུལ་ལ་འགྲོ། །མི་ཆོས་ལྷ་ཆོས་མི་བསྲེ་བ། །བོད་ཀྱི་གཙོ་བོ་རྣམས་དང་ང་མི་མཐུན། །འདུན་མ་མཁན་ལ་ཡི་རེ་མུག །ང་འགྲོ་རྒྱ་གར་ཡུལ་ལ་འགྲོ། །དད་པ་དང་སཨཉིང་རྗེ་མི་བསྲེ་བ། །ཉ་མ་རྣམས་དང་ང་མི་མཐུན། །ཁ་ཏ་མཁན་ལ་ཡེ་རེ་མུག །ང་འགྲོ་རྒྱ་གར་ཡུལ་ལ་འགྲོ། །དཀོན་མཅོག་དང་བུ་ཁྱོ་མི་བཀུར་བ། །བོད་ཀྱི་བུད་མེད་དང་ང་མུ་མཐུན།