།སྲིན་མོ་གསོན་མ་རྣམས་ཡི་རེ་མུག །ང་འགྲོ་རྒྱ་གར་ཡུལ་ལ་འགྲོ། །རང་སེམས་སངས་རྒྱས་དོན་རྟོགས་ན། །སུ་དང་མཐུན་རུང་མ་ཐུན་རུང༌། །ཅེས་ཀྱང་དེ་ལ་གཏོ་བ་མེད། །ཕྱི་མ་བདེ་འགྲོ་མཐོ་རིས་འགྲོ། །ང་འགྲོ་རྒྱ་གར་ཡུལ་ལ་འགྲོ། །ང་འགྲོ་སྲིན་པོ་འདུལ་དུ་འགྲོ། །གྲུབ་པ་བརྙེས་པའི་རྣལ་འབྱོར་པ། །མཉམ་བཞག་རྗེས་ཐོབ་མེད་པར་འགྲོ། །སློབ་དཔོན་པད་མ་བོད་ཀྱི་རྒྱལ་པོ་དང༌། བློན་པོ། དགེ་བཤེས། བཙུན་པ། སྔགས་པ། བོན་པོ། སྨན་པ། གཙོ་བོ། ཉ་མ། སྐྱེས་བུ། བུད་མེད་རྣམས་ལ་ཐུགས་ཆད་པའི་ལོ་རྒྱུས་སོ། །དེ་ནས་སློབ་དཔོན་པད་མས་བོད་ཀྱི་རྒྱལ་པོ་རྣམས་ལ་ཞལ་ཏ་བཞག་པ། བསོད་ནམས་ལྡན་པ་བོད་ཀྱི་རྒྱལ་པོ་རྣམས། །རྒྱལ་པོ་ཉུང་ན་ཞེན་ཉེན པས་ཁ་གཞི་སྐྱུངས། །རྒྱལ་པོ་མང་ན་འབངས་དང་ཟླ་མི་བྱ། །ཟུངས་ཐུབ་གཟོབས་ལ་རབ་ཏུ་བརྟན་པར་བཞུགས། །ཐུགས་ཆེས་ནང་བློན་བཀའ་གྲོས་དྲིས་པ་ལ། །དགོས་དོན་ཐུགས་ཚོད་ལྷུག་པར་གསུང་བར་གྱིས། །སྲིད་ལ་གནོད་པའི་གྲོས་ནི་མཉན་མི་བྱས། །ཁྲི་ཞིང་གཏུམ་པར་མི་བྱ་ཞི་དུལ་བསྒོམ་པར་བྱ། །རྩིས་དང་བྱ་དགའ་བློན་པོ་མཛངས་ཀྱང་ནི། །ཧ་ཅང་མ་ཆེ་རན་ཙམ་མཛད་ན་ལེགས། །བློན་པོ་འདོད་པ་ཆེ་ཞིང་རིག་པ་མེད། །སྲིད་ཀྱི་མཁར་ནི་འཇིག་པའི་ནེན་མཆིས་སོ། །རྒྱལ་ཁྲིམས་གལ་ལ་བབ་པའི་དུས་སུ་ནི། །དཀོར་ལ་མི་ཕངས་སྡིག་ལ་མི་འཛེམ་མཛོད། །རྒྱལ་ཁྲིམས་ཉམས་ན་རྒྱལ་པོ་གྱ་བ་ཡིན། །བསྒྱུར་བ་མི་སླ་སྣན་ཁུང་འཐུག་པ་དང༌། །ཕྱེད་ཙམ་ཁོང་དུ་བསད་ལ་ཁོང་པ་བསྐྱེད། །སྲིད་ཀྱི་ཆུ་མཐའ་རིང་བར་བསྟོད་མཆི་ཡི། །བཙུན་མོ་རྣམས་དང་བུད་མེད་གཞན་དག་ལ། །འདོད་ཆགས་ཕྱིར་ནི་ཐུགས་ལ་བཏགས་དྲགས་ན། །ང་ཁྱོད་བསྲེ་ཞིང་བཟང་ངན་མེད་པར་འགྲོ། །ཡིད་ཆེས་མེད་པའི་མི་ལ་ཐུགས་མི་གཏོད། །ལེགས་པར་མི་འོངས་རང་སྲོག་འཕུང་ཉེན་ཡོད། །ཕྱི་འཁོར་ཞི་བས་སྐྱོངས་ལ་ནང་འཁོར་ཟས་ཀྱིས་སྐྱོངས། །ཕྱོགས་རིས་འབངས་ལ་བཀའ་ནན་མཉམ་སྙོམས་མཛོད། །གཙུག་ལག་ཁང་དང་ལྷ་ཁང་མཆོད་རྟེན་རྣམས། །བསོད་ནམས་ཆེ་སྟེ་ཐ་མ་སྡིག་པའི་རྒྱུ། །དམ་ཆོས་བསྒྱུར་ལ་ཞུ་ཏིག་དག་པར་མཛོད། །ལན་གཅིག་དུས་ན་བཀའ་ལ་ཚད་མར་འཛིན། །དཀོན་མཆོག་གསུམ་ལ་སྤྱན་ལྟར་གཅེས་པར་མཛོད། །ཐེག་པའི་ཆོས་ལ་གཞུང་ལུགས་རེ་རེ་ཡོད། །ཀུན་གྱི་སྒོ་ནས་འབྲས་བུ་ཐོབ་མེད་ཀྱང༌། །གསང་སྔགས་རྡོ་རྗེའི་ཐེག་པ་དང་དུ་ལོངས། །བང་སོ་བཞུགས་གནས་མང་པོ་ཕུང་བའི་ཉེན། །ཐུགས་སྲབ་མ་མཛད་བརྟན་ཞིང་ལྷུན་ཆགས་བཞུགས། །ཇོམོ་ཇོ་ཆུང་རྣམས་ཀྱང་སྲིད་ཀྱི་གཞི་མ་ཡིན། །ཁོ་ཡངས་ཆེ་ལ་ཐེག་པལ་ཆེ་བར་མཛོད། །ཟས་ལ་ཡེངས་ལ་ལག་བྱད་བཟང་བར་མཛོད། །ལུས་ཚུགས་ཐུབ་ཅིང་བཅའ་བསྡར་ཐོ་བར་མཛོད། །གཡེམ་ལ་མ་འཕྱར་སྤྱོད་ལམ་དུལ་བར་མཛོད། །སྨྲ་བ་མ་མང་ངག་འཇམ་ཞེ་ས་བསྲིངས། །པྱི་འཁོར་ནང་འཁོར་ཟས་དང་སྙན་པས་སྐྱོངས། །ལྷ་སྲས་ལྕམ་དྲལ་རྣམས་ཀྱང་ཆོས་ལ་བཙུད་ན་ལེགས། །འདིར་བཙུན་ཕྱི་མར་ལྷ་མིའི་གོ་འཕང་ཐོབ། །པད་མ་འབྱུང་གནས་བདག་ནི་ད་འགྲོ་བས། །ད་ལྟར་བཞུགས་དང་སླད་ཀྱིས་འབྱོན་པ་ཡི། །མངའ་བདག་རྒྱལ་པོའི་ཐུགས་ལ་དེ་ལྟར་ཞོག །ཅེས་གསུངས་པ་སྟེ། རྒྱལ་པོ་རྣམས་ལ་ཞལ་ཏ་བཞག་པ་ཡིན། །སློབ་དཔོན་པད་མ་འབྱུང་གནས་གཤེགས་པའི་དུས་སུ་བོད་ཀྱི་བློན་པོ་རྣམས་ལ་གསུངས་པ། བོད་ཀྱི་རྒྱལ་པོའི་བློན་པོ་བྱེད་པ་རྣམས། །རྗེའི་སྐུའི་རིམ་གྲོར་ལུས་ངག་ཡིད་གསུམ་གུས་པར་གྱིས། །ནང་གི་ཁབ་སོ་ཇོ་མོའི་ཞབས་ཐོག་གྱིས། །སྤྱིའི་ཆབ་སྲིད་གྲོས་དང་མདུན་མས་སྐྱོངས། །འབངས་ཀྱི་སོ་ཚིས་ཤ་ཚ་བརྩེ་བར་གྱིས། །བློན་པོའི་སྐུ་གཉེར་རྗེའི་བཀའ་བློན་གྱིས། །རྒྱལ་ཁམས་བདེ་ལ་འགོད་ཅིང་རྒྱལ་ཁྲིམས་དམ་པར་འབྷའ། །དཀོན་མཅོག་གསུམ་གྱི་རྟེན་ཚུགས་ཐེག་ཆེན་ཆོས་གྲྭ་ཚུགས། །རྒྱལ་ཁམས་གཞུང་ལུགས་སོ་ཁ་དམ་པར་སྲུངས། །བྱམས་སྡང་ངོ་ཤེས་ལེགས་ཉེས་དོན་ལ་རྟོགས། །སྔར་གྲོས་མི་ཞན་ལེགས་ཉེས་སེམས་པ་དང༌། །ཕྱིས་ནས་འགྱོད་པས་མི་ཕན་ཐལ་ཟིན་འཆོས་མི་བཏུབ། །ཅི་ལའང་དང་པོ་བསམས་ན་ཕྱིས་ནས་འགྱོད་པ་ཆུང༌། །ཆོས་ལ་གནས་ཤིང་དད་པ་ཆེ་ལ་དཀོན་མཆོག་མཆོད་ན་ཆོས་བློན་ཡིན། །གྲོས་མཁས་རིག་པ་ཆེ་ལ་ལེགས་ཉེས་ལྡེའུ་མཁས་པ་མཛངས་བློན་ཡིན།