།དཔའ་ལ་ཟུངས་ཐུབ་དགྲ་བོ་ཐབས་ཀྱིས་འདུལ་ན་དཔའ་བློན་ཡིན། །ཁོང་འདུག་ཞེ་གནག་འབྲིད་པའི་ཐབས་ལ་མཁས་ན་བློན་པོ་འཇིགས། །རྒྱལ་པོའི་རྒྱལ་སྲིད་ལེགས་ནེས་ཤེས་ན་བློན་པོ་མཛངས། །ལེགས་པར་རྟོག་དཔྱོད་གྱིས་ལ་རྒྱལ་པོའི་ཆབ་སྲིད་སྐྱོངས། །པད་མ་འབྱུང་གནས་བདག་ནི་ད་འགྲོ་བས། །ད་ལྟར་བཞུགས་དང་སླད་ནས་འབྱོན་པ་ཡི། །བློན་པོ་རྣམས་ཀྱི་ཐུགས་ལ་དེ་ལྟར་ཞོག །ཅེས་བློན་པོ་རྣམས་ལ་ཞལ་ཏ་གསུངས་པའོ། །དེ་ནས་སློབ་དཔོན་པད་མ་འབྱུང་གནས་གཤེགས་པའི་དུས་སུ་རབ་བྱུང་བཙུན་པ་རྣམས་ལ་ཞལ་ཏ་གསུངས་པ། ཐར་པའི་ལམ་ལ་གཤེགས་པའི་རབ་བྱུང་བཙུན་པ་ཀུན། །མི་ཆོས་ནང་ནས་ལྷ་ཆོས་ནང་དུ་ཞུགས། །ཕ་མ་གཉེན་བཤེས་སྤངས་ནས་ཆགས་མེད་དམ་ཅོས་བྱོས། །སྐྲ་བཞར་ཆོས་གོས་གོན་ནས་བསྟན་པའི་རབ་བྱུང་བྱོས། །མཀན་པོ་སློབ་དཔོན་ཁྲིམས་མཛད་དགེ་འདུན་བྱམས་སེམས་ཅན། །འདུལ་ཁྲིམས་བསླབ་པའི་རིམ་པ་མ་ཉམས་བསྲུང་བར་མཛོད། །ཞུ་གནང་བཅས་དང་ལྷུང་བཟེད་བཀྲུ་ལ་སོགས། །མཁན་སློབ་དགེ་འདུན་བགྲེས་པ་རྣམས་བྱ་བ་དང༌། །མཎྜལ་ཆག་ཆག་བྱི་དོར་བྱ་བ་དང༌། །མཆོད་པ་ལ་སོགས་མཛེས་པའི་བཀོད་ལེགས་བྱ། །སྲོད་དང་ཐོ་རངས་མི་ཉལ་དགེ་སྦྱོར་གྱིས། །ཤ་ཆང་ལྐོག་པ་མི་བཟའ་གཏོར་མ་ཆོས་སྤྱོད་གྱིས། །འདུལ་ཁྲིམས་ཉེས་པ་བཤགས་ཤིང་གསོ་སྦྱོང་བྱ། །བསླབ་པ་ཤིང་བཟུང་ལ་ཕམ་ལྟུང་སྤང་བར་བྱ། །དགེ་འདུན་ཆོས་གྲྭར་འདུག་ལ་ཁྱིམ་པའི་ཡུལ་གྲོང་སྤོངས། །བུད་མེད་མ་དང་སྲིང་མོ་མ་ཡིན་བརྟེན་མི་བྱ། །ཀུན་གྱི་མཆོད་གནས་ཡིན་པས་ཁ་ན་མ་མཐོ་སྤོངས། །དེ་ལྟར་བྱས་ན་འདིར་བདེ་ཕྱི་མར་ལམ་སྣ་ཟིན། །འཁོར་བ་སྤོངས་པའི་རབ་བྱུང་བཙུན་མ་རྣམས། །ལས་ངན་སྐྱེ་བ་དམན་པས་མཁས་བཙུན་བློས་མི་གཅོག །སྐྱེས་པའི་འཁྲི་བ་ཆོད་ལ་འདུལ་ཁྲིམས་གཙང་མར་སྲུངས། །ཁྱིམ་པའི་གྲོང་དུ་མ་འགྲོ་ཕོག་པའི་སྡོམ་པ་སྲུངས། །བཙུན་མ་ལོག་ན་འདི་མེད་ཕྱི་མ་དམྱལ་བར་འགྲོ། །སེམས་བསྐྱེད་གྱིས་ལ་སྦྱིན་པ་བརྩོན་པར་ཐོངས། །པད་མ་འབྱུང་གནས་བདག་ནི་ད་འགྲོ་བས། །ད་ལྟར་བཞུགས་དང་སླད་ནས་འབྱོན་པ་ཡི། །བཙུན་མ་རྣམས་ཀྱི་ཐུགས་ལ་དེ་ལྟར་ཞོག །གསུངས་པ་སྟེ་སློབ་དཔོན་གཤེགས་ཁར་རབ་བྱུང་བཙུན་པ་དང་བཙུན་མ་རྣམས་ལ་ཞལ་ཏ་གསུངས་པའོ། །དེ་ནས་ཡང་སློབ་དཔོན་པད་མ་གཤེགས་པའི་དུས་སུ། དགེ་བཤེས་རྣམས་ལ་ཞལ་ཏ་གསུངས་པ། མཁས་ཤིང་ཆེ་བའི་བོད་ཀྱི་དགེ་བཤེས་རྣམས། །སློབ་དཔོན་བླ་མ་མཁས་ཤིང་ཆེ་བ་ལ། །འདྲི་ཀློག་ཉན་དང་བསམ་བརྗོད་ཀྱིས། །སྡེ་སྣོད་གསུམ་དང་གསང་སྔགས་ལ། །ཐེག་པའི་ཆོས་ཀུན་མཁས་པར་སློབས། །མི་ཤེས་བྱ་ཕུལ་དུ་སྦྱང་བའི་ཕྱིར། །རིག་པའི་གནས་ལྔ་མཀས་པར་སློབས། །མི་གཞན་བཀུར་བའི་གནས་གྱུར་ནས། །བསོད་ནམས་འདུ་འཛི་བྱུང་བའི་ཚེ། །ང་རྒྱལ་ཁེངས་སེམས་ཕྲག་དོག་སྤོངས། །རང་མཐོང་ཆེ་བཅོས་སྤྱོད་པ་སྤོངས། །ཁ་ནས་སྨྲས་པའི་ཚིག་རྗེས་གསོབ། །དོན་དང་མཐུན་པའི་ཆོས་བཞིན་བྱ། །ང་མཁས་གཞན་ནི་མི་མཁས་ཞེས། །ཁ་ན་མ་མཐོ་སྨྲ་མི་བྱ། །སློབ་པར་འདོད་པའི་གང་ཟག་ལ། །ཅི་དགའ་བ་དང་ཅི་མོས་ཤོད། །རང་གི་སློབ་དཔོན་དྲིན་ཅན་ལ། །ལུས་ངག་ཡིད་གསུམ་བཀུར་སྟེ་བྱ། །ནོར་རྫས་ལ་སོགས་ཅི་ཡོད་འབུལ། །ཅུང་ཟད་ཡོན་ཏན་རྙེད་པ་ལ། །ཁེངས་ཤིང་རང་མཐོང་མ་བྱེད་པར། །མཁས་པ་རྣམས་ལ་ཉན་དྲིས་གྱིས། །ཆེ་བཅོས་སྟོང་ལྡིར་མ་ཆེ་བར། །ཡོན་ཏན་ཆོས་ཀྱིས་གང་བར་གྱིས། །ཆོས་གྲོགས་རྣམས་ལ་འགྲན་སེམས་བོར། །གཙོར་ནི་གཞན་ལ་སྙིང་རྗེས་ཟུངས། །ཚད་མེད་བཞི་ཡི་གོ་ཆ་བསྒོས། །རང་རྒྱུད་ཆོས་ཀྱིས་མ་དུལ་བར། །གཞན་དག་འདུལ་བར་ག་ལ་ནུས། །མཁས་ན་རང་རྒྱུད་དུལ་བར་གྱིས། །པད་མ་འབྱུང་གནས་བདག་ནི་ད་འགྲོ་བས། །བོད་ཀྱི་སྟོན་ཆེན་ད་ལྟར་བཞུགས་པ་དང༌། །སླད་ནས་འབྱོན་པ་རྣམས་ཀྱི་ཐུགས་ལ་དེ་ལྟར་ཞོག །གསུངས་པ་སྟེ་སློབ་དཔོན་པད་མ་གཤེགས་པའི་དུས་སུ་བོད་ཀྱི་དགེ་བཤེས་སྟོན་ཆེན་རྣམས་ལ་ཞལ་བདམས་བཞག་པའོ། །སློབ་དཔོན་པད་མ་གཤེགས་པའི་དུས་སུ་སྔགས་པ་རྣམས་ལ་ཞལ་ཏ་གསུངས་པ། གསང་སྔགས་ཆོས་སྒོར་ཞུགས་པའི་སྔགས་པར་ཁས་ལེན་རྣམས། །གསང་སྔགས་རྩ་བ་བླ་མ་གྲུབ་ཐོབ་འཚོལ། །གསང་སྔགས་ཆོས་སྒོ་རིམ་པ་དབང་གིས་ཕྱེ།