R1186: ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད།

  • Pagination (Witness A): [-]
ཞེས་པ་འདི་ལན་གཅིག་བརྗོད་པའི་བསོད་ནམས་ཀྱི་གྲངས་ནི་མི་ཆོད་དེ། ཀུ་མུ་ཏའི་མེ་ཏོག་གི་ས་བོན་གཅིག་ལས་གྱེས་པའི་གྲངས་ནི་མི་ཆེད་དེ། དེ་བས་ཡི་གེ་དྲུག་མའི་བསོད་ནམས་འཕེལ་ཆེའོ། །ཏིལ་གཅིག་ལས་གྲངས་ཀྱིས་མི་ཆོད་པར་མང་པོར་འཕེལ་ཏེ། དེ་བས་ཡི་གེ་དྲུག་མ་ལན་གཅིག་བརྗོད་པའི་བསོད་ནམས་ཆེའོ། །བ་ཚྭ་ཅན་གྱི་ཆུའི་ཐིགས་པ་རེ་རེ་ནས་གྲངས་ཀྱིས་མི་ཆོད་དེ། དེ་བས་ཀྱང་ཡི་གེ་དྲུག་མ་ལན་གཅིག་བརྗོད་པའི་བསོད་ནམས་འཕེལ་ཆེའོ། །ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལ་བྱི་དོར་བྱས་ཏེ་གསོལ་བ་བཏབ་ན་དགོས་འདོད་འབྱུང་སྟེ། དེ་བས་ཀྱང་ཡི་གེ་དྲུག་མ་ལན་གཅིག་བརྗོད་ན་དེའི་ཡོན་ཏན་འཕེལ་ཆེའོ། །ལོ་གཅིག་ལ་དབྱར་གྱི་ཆར་འབབ་པའི་ཆར་གྱི་གྲངས་རེ་རེ་ནས་བགྲང་བར་ནུས་ཀྱི། ཡི་གེ་དྲུག་པའི་བསོད་ནམས་ཀྱི་གྲངས་
༼ནི་བགྲང་བར་མི་ནུས་སོ།༽
གླིང་བཞི་རི་རབ་དང་བཅས་པ་སྲང་ལ་གཞལ་བའི་ཚད་བཟུང་དུ་རུང་གི། ཡི་གེ་དྲུག་ལན་གཅིག་བཟླས་པའི་བསོད་ནམས་ཀྱི་ཚད་གཟུང་དུ་མི་རུང་ངོ༌། །གླིང་བཞིར་བཏབ་པའི་འབྲུའི་ཚད་གཟུང་བར་ནུས་ཀྱི། ཡི་གེ་དྲུག་པ་ལན་གཅིག་བཟླས་པའི་བསོད་ནམས་ཀྱི་ཚད་ནི་གཟུང་བར་མི་ནུས་སོ། །དུད་འགྲོ་ཐམས་ཅད་ཀྱི་སྤུ་ཡོད་དོ་ཅོག་གི་གྲངས་ནི་བགྲང་བར་ནུས་ཀྱི། ཡི་གེ་དྲུག་པ་ལན་གཅིག་བཟླས་པའི་བསོད་ནམས་ཀྱི་ཚད་བཟུང་བར་མི་ནུས་སོ། །ཡི་གེ་དྲུག་པ་ཐུགས་རྗེ་ཆེན་པོའི་ཡང་སྙིང་འདི་ཟད་པ་མེད་དོ་བརྗོད་ཀྱང་མི་ལང་ངོ༌། །རྡོ་རྗེ་ལྕགས་ཀྱི་རི་བོ་དཔག་ཚད་བརྒྱད་ཁྲི་བཞི་སྟོང་ཡོད་པ་ལ། ཀ་ཤི་ཀའི་རས་འཇམ་པོས་བསྐལ་པ་རེ་རེ་ནས་ཕྱིས་ཀྱང་འཛད་ནུས་ཀྱི། ཡི་གེ་དྲུག་པ་ལན་གཅིག་བཟླས་པའི་བསོད་ནམས་ནི་འཛད་མི་ནས་སོ། །དབུས་ཀྱི་རི་རྒྱལ་མཆོག་རབ་ལ་ཤན་པ་མ་རུ་རྩེས་ཟོས་ན་འཛད་ནུས་ཀྱི། ཡི་གེ་དྲུག་པ་ལན་གཅིག་བཟླས་པའི་བསོད་ནམས་འཛད་མི་ནུས་སོ། །ཆུ་བོ་གང་གཱའི་བྱེ་མ་ལ་བྱེའུ་ཏི་ཧོས་གཏོར་ཀྱང་འཛད་ནུས་ཀྱི། ཡི་གེ་དྲུག་པ་ལན་གཅིག་བཟླས་པའི་བསོད་ནམས་འཛད་མི་ནུས་སོ། །གླིང་བཟི་རི་རབ་དང་བཅས་པ་སེར་ཁ་བསེར་བུ་རླུང་གིས་ཕོག་པས་འཛད་ནུས་ཀྱི། ཡི་གེ་དྲུག་ལན་གཅིག་བཟླས་པའི་བསོད་ནམས་འཛད་མི་ནུས་སོ། །འཇིག་རྟེན་གྱི་ཁམས་གླིང་བཞི་རི་རབ་དང་བཅས་པ་གཏུན་དུ་བརྡུངས་ནས་ཕྱེ་མར་བྱས་པའི་གྲངས་བགྲང་བར་ནུས་ཀྱི། ཡི་གེ་དྲུག་པའི་བསོད་ནམས་ཀྱི་ཚད་གྲངས་བགྲང་བར་མི་ནུས་སོ། །གླིང་བཟི་གླིང་ཕྲན་དང་བཅས་པའི་སྐྱེས་པ་དང༌། བུད་མེད་དང༌། ཁྱེའུ་དང༌། བུ་མོ་མང་པོ་ཐམས་ཅད་ས་ལ་གནས་པའི་བྱང་ཆུབ་སེམས་དཔའི་ས་ལ་བཀོད་པའི་བསོད་ནམས་ཀྱི་ཕུང་པོའི་གྲངས་ནི་བགྲང་བར་ནུས་ཀྱི། ཡི་གེ་དྲུག་པ་ལན་གཅིག་བཟླས་པའི་བསོད་ནམས་ཀྱི་ཕུང་པོའི་ཚད་ནི་བགྲང་བར་མི་ནུས་སོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་སངས་རྒྱས་ཀྱི་རིང་བསྲེལ་གྱིས་བཀང་བ་རིན་པོ་ཆེ་སྣ་བདུན་ལས་གྲུབ་པའི་མཆོད་རྟེན་དུ་གྱུར་པ་དེ་ལ་མཆོད་པ་རྒྱུན་མི་འཆད་པ་བྱས་པའི་བསོད་ནམས་ཀྱི་ཕུང་པོའི་ཚད་ནི་བཟུང་བར་ནུས་ཀྱི། ཡི་གེ་དྲུག་པ་ལན་གཅིག་བཟླས་པའི་བསོད་ནམས་ཀྱི་ཚད་ནི་བཟུང་བར་མི་ནུས་སོ། །འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་དང་མཉམ་པའི་སངས་རྒྱས་ཀྱི་ཞིང་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གྱུར་པ་དེ་དག་ལ་སྤོས་དང་ཕྲེང་བ་དང་བྱུག་པ་དང་མར་རེ་དང་ཞབས་གསིལ་གྱི་མཆོད་པ་རྒྱུན་མི་འཆད་པར་བྱས་པའི་བསོད་ནམས་ཀྱི་ཚད་བཟུང་བར་ནུས་ཀྱི། ཡི་གེ་དྲུག་པ་ལན་གཅིག་བཟླས་པའི་བསོད་ནམས་ཀྱི་ཚད་བཟུང་བར་མི་ནུས་སོ། །ཨོཾ་མ་ཎི་པད་མེ་ཧཱུཾ༔ཞེས་པའི་ཡི་གེ་དྲུག་པ་ནི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཐུགས་ཀྱི་ཡང་སྙིང་ཡིན་པས། ཞག་རེ་ལ་ལན་བརྒྱ་རྩ་བརྒྱད་བཟླས་ན་ངན་སོང་གསུམ་དུ་མི་སྐྱེ། སྐྱེ་བ་ཕྱི་མ་ལ་མི་ལུས་ཏོབ་ནས་འཕགས་པ་སྤྱན་རས་གཟིགས་ཀྱི་ཞལ་མཏོང་བར་འགྱུར་རོ། །ཐ་ན་ཉི་ཤུ་རྩ་གཅིག་བཟླས་ན་ཡིད་གཞུང་པར་འགྱུར་རོ། །ཐོས་པ་འདིན་པར་འགྱུར་རོ། །དབྱངས་སྙན་པར་འགྱུར་རོ། །སྐྱེ་བ་དྲན་པར་འགྱུར་རོ། །ཆོས་ཐམས་ཅད་ཀྱི་དོན་ལ་མཁས་པར་འགྱུར་རོ། །ཞག་རེ་ལ་ལན་བདུན་བདུན་བརྗོད་ན།