R1186: ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད།

  • Pagination (Witness A): [-]
འབྲོ་ཀ་བ་དཔལ་བརྩེགས། ཅོག་རོ་ཀླུའི་རྒྱལ་མཚན་དང༌། སྣ་ནམ་ཡེ་ཤེས་སྡེ་དང༌། དྷར་ཏ་ཤི་ལ་དང༌། རྨ་རིན་ཆེན་མཆོག སྣུབས་ནམ་མཁའི་སྙིང་པོ་དང༌། ཆོས་ཀྱི་སྣང་བ་དང༌། དྲན་པ་ནམ་མཁའ་དང༌། ལྕེ་བཀྲ་ཤིས་དང༌། ལྕེ་ཀྱི་འབྲུག་དང༌། བན་དེ་དཔལ་འབྱོར་དང༌། མཆོག་སྦྱིན་སྙིང་པོ་དང༌། ཡེ་ཤེས་སྙིང་པོ་དང༌། དྷ་རྨ་ཨ་ལོ་ཀ་དང༌། མཆོག་གི་སྙིང་པོ་དང༌། རིན་ཆེན་སྡེ་དང༌། ཛྙཱ་ན་རཀྵི་ཏ་དང༌། ལེགས་པའི་བློ་གྲོས་དང༌། ལྷའི་ཟླ་བ་དང༌། བན་དེ་དཔལ་གྱི་སྙིང་པོ་དང༌། བན་དེ་བཟང་སྐྱོང་དང༌། ལོ་ཙཱ་བའི་མཆན་བུ་འདན་མ་རྩེ་མང་དང༌། ལེགས་སྦྱིན་ཉི་མ་དང༌། རྩངས་དྷེ་ལེན་ཏ་དང༌། རྣམ་པར་མི་རྟོགས་པ་དང༌། ཁ་ཆེ་སྐྱེས་བཟང་གི་བླ་མ་ཨ་ནན་ཏ། གོ་གོམ་ཆོས་སྒྲུབ་དང༌། ལོ་ཀྱི་ཆུང༌། འཁོན་ཀླུའི་དབང་པོ་སྲུང་བ་དང༌། དེ་པ་ཙན་དྲ། གྲུ་གུ་ཨུ་པེ་ཤ་དང༌། རུ་གྱོང་བྷིརྱར་ཛ་དང༌། དེ་བ་ཙན་དྲ་དྷརྨ་ཙརྱ་དང༌། དེ་ལ་སོགས་པའི་ལོ་པཎ་མང་པོ་དང༌། ཁྱད་པར་གྱི་བུ་མོ་དྲུག་དང༌། དེ་ལ་སོགས་པ་གྲུབ་ཆེན་ཉི་ཤུ་རྩ་ལྔ་དང༌། ལོ་ཙཱ་བ་དང༌། ལོ་ཙཱ་བའི་མཆན་བུ་རྣམས་དང༌། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་དང༌། མཁན་པོ་བོ་དྷི་ས་ཏྭ། སློབ་དཔོན་པད་མ་དང་གསུམ་སྨོན་ལམ་ལྷན་ཅིག་བཏབ་པ་དང༌། གཞན་གྲུབ་པ་ཐོབ་པ་དང༌། བརྟུལ་ཞུགས་ཀྱིས་འགྲོ་བ་རྣམས་ཆོས་ལ་བཙུད་པའི་རབས། ཐུགས་རྗེ་ཆེན་པོའི་གསུང་ཡི་གེ་དྲུག་པའི་ཡོན་ཏན་ཡི་གེ་རིགས་སུ་བཀོད་པ་རྣམས་གཏེར་དུ་སྦས་པ་དང༌། གཞན་བཀའི་ཡིག་རྩིས་ཆེ་ཆུང༌། བཀའི་ཐང་ཡིག་ཆེ་ཆུང༌། བཀའི་གཙིགས་ཀྱི་ཡི་གེ་མང་དུ་ཡོད་དོ། གཞན་ཡང་རྒྱལ་རབས་རྐྱང་པ་དང༌། ཁུག་པ། ཟིངས་པོ་ཅན་དང༌། ཡུན་པོ་ལ་སོགས་མང་པོ་ཡོད་དོ། ། ཞུ་ཆེན་ལོ་ཙཱ་བས་བོད་དཔེ་ལ་བཀླགས། རྒྱ་དཔེ་ལ་པཎྜི་ཏས་ཞུ་ཏིག་བྱེད་པ། ལོ་ཙཱ་བས་ཚེག་བར་བདུན་ལ་ཚིག་རྐང་གཅིག ཚིག་རྐང་བཞི་ལ་ཤོ་ལོ་ཀ་གཅིག ཤོ་ལོ་ཀ་སུམ་བརྒྱ་ལ་བམ་པོ་གཅིག བམ་པོ་ཞེས་པའི་ཚད་ནི་ཤོ་ལོ་ཀ་སུམ་བརྒྱ་དང་སུམ་ཅུ་རྩ་གཅིག ཚིག་རྐང་སྟོང་གཅིག་གི་སུམ་ཆ་ལ་བམ་པོ་གཅིག་ཏུ་བཤད་དོ། །སློབ་དཔོན་ཞི་བ་ལ་སོགས་པས་བམ་པོ་ཞེས་པའི་ཚད་ནི་ཤོ་ལོ་ཀ་སྟོང་གི་སུམ་ཆ་ལ་འདོད་དེ། ཆེ་ཆུང་གི་ཚད་ནི་ཚིག་རྐང་རིང་ཐུང་དང་མི་མང་ཉུང་ལ་རྣམ་པར་བཞག་པར་བཤད་དོ། །དེ་རྣམས་ནི་བསྟན་བཅོས་རིན་པོ་ཆེའི་མཚོ་ལས་བཤད་དོ། ། དེའི་དུས་སུ་ཆོས་ཀྱི་མཚན་ཐམས་ཅད་རྒྱ་དཔེ་ལ་ལེའུ་མཚམས་དང༌། ཞབས་ན་ཡོད་པ་ལ་དམ་པ་ཡི་ཆོས་ཁུངས་བཙུན་པ་དང་རྒྱལ་པོ་བཀའ་རྟགས་ཀྱི་ཕྱག་རྒྱ་ཡིན་པ་དང༌། དམ་པ་ཆོས་ཀྱི་སྐབས་ངོས་བཟུང་བ་དང༌། སྐབས་བཙལ་སླ་བའི་མཚན་ཆེད་དུ་སྨོས་པ་དང༌། གོ་སླ་བའི་དགོས་པ་ཡོད་པའི་སྐད་དུ་བསྟན་པ་ལགས་སྐད་དོ། །སྒྲ་བསྒྱུར་གྱི་ལོ་ཙཱ་བ་དེ་ལ་གསོལ་ཐང་ནི། བློན་པོ་ཆེན་པོ་ཀུན་དང་མཉམ་མོ། བློན་པོ་ཆེན་པོའི་ཟ་ཐང་ནི། རྒྱལ་པོས་གསོལ་བའི་གསུམ་ཆ་གཅིག་ཡིན་ནོ། །རྒྱལ་པོ་ཆེན་པོའི་གསོལ་ཐང་ནི། སྐུ་སྲུང་བརྒྱ་བརྒྱའི་ཆས་དང་བཅས་པ་ན་མ་རེ་རེ་ལ་ཡོད་དོ། ། དེ་ནས་རྒྱ་གར་གྱི་སློབ་དཔོན་དྷ་ན་ཤི་ལ་དང༌། ཛི་ན་མི་ཏྲ་དང༌། ཀ་བ་དཔལ་བརྩེགས་དང༌། ཅོག་རོ་ཀླུའི་རྒྱལ་མཚན་དང༌། སྣ་ནམ་གྱི་བན་དེ་ཡེ་ཤེས་སྡེ་དང༌། དེ་གསུམ་གྱི་ལོ་ཙཱ་བ་བྱས་ཏེ། ཆོས་མདོ་སྡེ་སྐྱེས་རབས་དང་བཅས་པ་དང༌། དཀོན་མཆོག་བརྩེགས་པ། སངས་རྒྱས་ཕལ་པོ་ཆེ། ལང་ཀར་གཤེགས་པ། རྒྱས་པ་འབུམ། རྒྱས་འབྲིང་བསྡུས་གསུམ། གཟུངས་འབུམ། བཻ་རོ་ཙ་ན་ལ་སློབ་མ་གསུམ་གྱིས་བསྒྱུར་བའོ། །སྙགས་ཛྙཱ་ན་ཀུ་མ་ར། ཨ་ཙརྱ་རིན་ཆེན་མཆོག་གཉིས་ཀྱིས་བསྒྱུར་བ་ལ་ཀླུ་འབུམ་སྐྱ་བོ་དང༌། རླངས་ཁམས་པ་གོ་ཆས་བསྒྱུར་བ་བླ་འབུམ་སྨུག་པོ་ཤས་སྒྲོ་ཅན་ནོ། །གཞན་ཡང་འབུམ་ནག་དང༌། འབུམ་དམར་དང༌། ཤེས་རབ་ཁྲི་པ་དང༌། ཁྲི་བརྒྱད་སྟོང་པ་དང༌། སྒོ་ཉི་ཤུ་རྩ་ལྔ་པ། འཕགས་པ་བསྡུས་པ་རྡོ་རྗེ་གཅོད་པ། ཤེས་རབ་སྙིང་པོ། ཡི་གེ་གཅིག་མའི་བར་ཕ་རོལ་ཏུ་ཕྱིན་པ་རྒྱས་བསྡུས་ཐམས་ཅད་བསྒྱུར་རོ། །སློབ་དཔོན་ཀ་མ་ལ་ཤཱི་ལ་དང༌། རྨ་རིན་ཆེན་མཆོག་གིས་དཔང་སྐོང་ཕྱག་སྟོང་པ་ལ་སོགས་པ་དང༌།