R1186: ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད།

  • Pagination (Witness A): [-]
ངས་གནས་ལུགས་ཡང་དག་པའི་དོན་མི་ཤེས་པ་མིན། གདུལ་བྱ་ལ་ལམ་རིམ་གྱིས་དྲང་དགོས་པ་སྟོན་པའི་གསུང་རབ་ཀྱི་དགོངས་པ་ཡིན། ཁྱོད་ཇི་ལྟར་ཅི་ལ་ཡང་མི་བསམ་ཟེར་བ་དེ་ནི། སོ་སོར་རྟོག་པའི་ཤེས་རབ་སྤངས་པ་ཡིན་ནོ། །ཡང་དག་པའི་ཡེ་ཤེས་རྩ་བ་ནི། སོ་སོར་རྟོག་པའི་ཤེས་རབ་ཡིན་པས། དེ་སྤངས་པས་འཇིག་རྟེན་ལས་འདས་པའི་ཤེས་རབ་ཀྱང་སྤངས་པ་ཡིན་ནོ། །སོ་སོར་རྟོག་པའི་ཤེས་རབ་མེད་པས་རྣལ་འབྱོར་པ་གང་གིས་ཀྱང་རྣམ་པར་མི་རྟོག་པ་ལ་གནས། གལ་ཏེ་ཆོས་ཐམས་ཅད་དྲན་པ་མེད་ཅིང་ཡིད་ལ་བྱས་པ་མེད་ཡིན་ནོ་སྙམ་ན་ཉམས་སུ་མྱོང་བ་ཐམས་ཅད་མི་དྲན་ཞིང་ཡིད་ལ་བྱ་བ་མི་ནུས་སོ། །གལ་ཏེ་བབདག་གིས་ཆོས་དྲན་པར་མི་བྱའོ། །དེ་ཤིན་ཏུ་དྲན་པས་ཡིད་ལ་བྱས་པར་འགྱུར་རོ། །དྲན་པ་དང་ཡིད་ལ་བྱ་བ་མེད་པས་བཙན་པོ་ལ་བྱ་བ་ཡིན་པ་སྐད་དུ་བྱས་ནས། དེ་གཉིས་དཔྱད་དགོས་ཏེ། མེད་པ་ནི་རུང་མི་རུང༌། དྲན་པ་ཙམ་མེད་པ་ཙམ་གྱིས་རྣམ་པར་མི་རྟོག་པར་འགྱུར་ན། བརྒྱལ་བའམ་འགོག་པའི་དུས་ན་དྲན་པ་མེད་དེ། དེ་མི་རྟོག་པའི་ཏིང་ངེ་འཛིན་དུ་འགྱུར་རམ་ཡང་དག་པའི་སོ་སོར་རྟོག་པ་མེད་པར། རྣམ་པར་མི་རྟོག་པ་འཇུག་པ་ནི་ཐབས་མེད་དོ། །དྲན་པ་ཙམ་པོ་བཀག་ཀྱང་སོ་སོར་ཡང་དག་པའི་རྟོག་པ་མེད་ན། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ལ་ཇི་ལྟར་འཇུག་ནུས། སྟོང་པ་ཉིད་མ་སྤངས་པར་སྒྲིབ་པ་སྤངས་པར་མི་འགྱུར་བ་དེ་ཁོ་ནའོ། །བཏང་སྙོམས་ཀྱི་སྟོང་པ་ཉིད་ནི་གཉིད་ལོག་པ་དང་འདྲ་འོ། །དེ་བས་ན་ཡང་དག་པའི་སོ་སོར་རྟོག་པའི་ཤེས་རབ་ཀྱིས་ཕྱིན་ཅི་ལོག་གི་སྣང་བ་རྒྱང་བསྲིངས་པ་ཡིན་ནོ། །དེས་ན་དྲན་བཞིན་དུ་མི་དྲན་པ་བྱར་མི་རུང་ངོ༌། །དྲན་པ་ཡིད་ལ་བྱ་བ་མེད་པར། སྔོན་གནས་རྗེས་སུ་དྲན་པ་དང༌། ཐམས་ཅད་མཁྱེན་པར་མི་ལྟར་འགྱུར། ཉོན་མོངས་པ་ཡང་ཇི་ལྟར་སྤོངས། དེ་བས་ན་ཡང་དག་པའི་ཤེས་རབ་ཀྱི་དོན་ངེས་པར་རྟོགས་པའི་རྣལ་འབྱོར་པས། དུས་གསུམ་ཕྱི་ནང་ཐམས་ཅད་སྟོང་པར་རྟོགས་པ་ཡིས། རྟོག་པ་ཉེ་བར་ཞི་ནས་ལྟ་བ་ངན་པ་ཐམས་ཅད་སྤངས་ཏེ། དེ་བསྟན་ནས་ཐབས་དང་ཤེས་རབ་ལ་མཁས་པ། སྒྲིབ་པ་ཐམས་ཅད་བསལ་ནས། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཐོབ་པར་འགྱུར་བ་ཡིན། ཞེས་གསུངས་སོ། །ཡང་ཨ་ཙརྱ་ཀ་མ་ལ་ཤཱི་ལས། ཁྱེད་ཀྱི་དཔེ་དོན་གཉིས་ཀ་མི་འཐད་པས། ཐོག་མར་དཔེ་མི་འཐད་དེ། ཁྱུང་ནམ་མཁའ་ལ་གློ་བུར་དུ་འདབ་གཤོག་རྫོགས་པར་སྐྱེས་ནས་ཤིང་རྩེར་བབས་སམ། བྲག་ལ་སོགས་པར་སྐྱེས་ནས་རིམ་གྱིས་འདབ་གཤོག་རྫོགས་པར་བྱས་ནས་བབས། དང་པོ་ནི་མི་སྲིད་ལ་གཉིས་པ་ནི་རིམ་གྱིས་པའི་དཔེར་རུང་གིས། དེ་ལ་མཁན་པོས་དཔེའི་ལན་མ་ཐེབས་པ་དང༌། དེར་ཨཙརྱས་ཁྱེད་ཀྱི་དཔེ་དེ་ནོར་བར་མ་ཟད་དོན་ཡང་འཁྲུལ་ཏེ། རྣམ་པར་མི་རྟོག་མི་སྒོམ་པ་དེ་ཅི། རྣམ་རྟོག་ཕྱོགས་གཅིག་བཀག་པ་ཙམ་ཡིན་ནམ། རྣམ་རྟོག་མཐའ་དག་བཀག་དགོས། ཕྱོགས་གཅིག་བཀག་པ་ཡིན་ཞེ་ན། གཉིད་དང་བརྒྱལ་བའང་རྣམ་པར་མི་རྟོག་པར་ཐལ། རྟོག་པ་ཕྱོགས་གཅིག་ཙམ་ཡོད་པའི་ཕྱིར་རོ། །རྣམ་རྟོག་མཐའ་དག་བཀག་པ་ཡིན་ནོ་ཞེ་ན། དེ་ལྟར་ན། ཁྱེད་རྣམ་པར་མི་རྟོག་པ་སྒོམ་པའི་ཚེ། སྒོམ་སྙམ་པའི་རྟོག་པ་སྔོན་དུ་གཏོང་དགོས་སམ་མི་དགོས། མི་དགོས་ན་ཁམས་གསུམ་གྱི་སེམས་ཅན་ལའང་སྒོམ་སྐྱེ་བར་ཐལ། སྒོམ་སྙམ་པའི་རྟོག་པ་སྔོན་དུ་མ་བཏང་ཡང་སྒོམ་སྐྱེ་བའི་ཕྱིར་རོ། །མི་རྟོག་པ་སྒོམ་སྙམ་པའི་རྟོག་པ་སྔོན་དུ་དགོས་ན། མི་རྟོག་པ་སྒོམ་པའི་དམ་བཅའ་ཉམས་ཏེ། དཔེར་ན་སྨྲ་བཅད་བྱས་པས། སྨྲ་བཅད་ཤོར་བ་དང༌། ཀུ་ཅོ་མ་བྱེད་ཡང་ཡང་བརྗོད་པས་ཀུ་ཅོར་སོང་བ་བཞིན་ནོ། ཞེས་བྱ་བ་ལ་སོགས་པ། རིགས་དང་ལུང་གིས་ལན་བཏབ་པས། རྒྱའི་མཁན་པོས་ལན་ཅི་ཡང་མི་གསུང་བར་གྱུར་ཏོ། །ཡང་རྒྱལ་པོས་ལན་ཡོད་ན་གསུངས་ཤིག་ཅེས་པ་དང༌། རྒྱའི་མཁན་པོའི་ཞལ་ནས། སྔ་མ་བརྗོད་པ་ལས་ལྷག་པའི་ལན་ཅི་ཡང་མེད་དོ། །གསུངས་སོ། །བཙན་པོའི་ཞལ་ནས་ཁྱེད་སྟོན་རྩེན་ཤགས་གང་བཟང་བའི་འཁོར་ཀུན་གྱིས་ཀྱང་ལན་མཆིད་ཤགས་ཐོབ་ཅིག་ཅེས་བཀའ་བསྩལ་པ་དང༌། དཔལ་དབྱངས་ཀྱིས་མཆིད་ནས། རྒྱའི་ལྟ་བར་ཅིག་ཅར་འཇུག་ཅིང་རིམ་གྱིས་སྦྱོང་དུ་མ་མཆིས་ན་ཕ་རོལ་ཏུ་ཕྱིན་པ་དྲུག་འཛིན་པས་མ་ཆགས་པའི་སླད་དུ།