སྦྱིན་པར་མིང་བཏགས་ཀྱི། ཆགས་པ་བཏང་ཡོངས་སུ་འཛིན་པ་མེད་པས་སྦྱིན་པ་བཏང་བ་ཡིན་ནོ། །སྒོ་གསུམ་ཆགས་སྡང་སྤངས་ན་ཚུལ་ཁྲིམས་ཡིན། ཁྲོ་བ་མེད་ན་བཟོད་པའི་ས་མཆོག་ལགས། ལེ་ལོ་དོར་བ་ལ་བརྩོན་འགྲུས་སུ་མིང་བཏགས། སེམས་ལ་གཡེངས་པ་མ་མཆིས་ན་བསམ་གཏན། ཆོས་སྤྱི་དང་རང་གི་མཚན་ཉིད་ཤེས་པ་ཤེས་རབ་ཡིན། སྟོན་པ་འདས་ནས་རང་བཞིན་དུ་ལྟ་བ་མི་མཐུན་པ་མ་མཆིས། སླད་ནས་དབུ་སྡེ་རྣམ་པ་གསུམ་མ་མཐུན་ཏེ། སྟོན་མིན་ཅིག་ཅར་དུ་འཇུག་མཆིས་ཏེ། མ་འཚལ་མ་རྟོགས་པས་དེ་ལྟར་གྱུར། འཇུག་སྒོ་ཐ་དད་ཀྱང་སངས་རྒྱས་བར་གཅིག འབྲས་བུའང་གཅིག་ཅེས་ཀྱང༌། དོན་གྱིས་མི་མཐུན་སྐད་དུ་སྨྲས། ཡེ་ཤེས་དབང་པོས་སྨྲས་པ། ཅིག་ཅར་འཇུག་བྱ་བ་དང་རིམ་གྱིས་འཇུག་བྱ་བ་གཉིས་དཔྱད་དགོས་ཏེ། རིམ་གྱིས་འཇུག་ན་རྒྱུ་མ་མཆིས་ན་ངེད་དང་མི་འདྲ། ཅིག་ཅར་འཇུག་ན་ད་རུང་ཅི་བྱེད་དང་པོ་ནས་སངས་རྒྱས་ན་ཅི་ཉེས། དེས་ན་རི་ལ་འཛེག་པ་ལ་ཡང་གོམ་པ་རེ་རེས་འཛེག་དགོས་ཏེ། གོམ་པ་གཅིག་གིས་བགྲོད་མི་ནུས་པ་ལྟར། ས་དང་པོ་ཐོབ་པ་ཡང་དཀའ་ན། ཐམས་ཅད་མཁྱེན་པ་ལ་ལྟ་ཅི་སྨོས། ཁྱེད་ལ་ལུང་བསྟན་པའི་ཁུངས་དགོས། སྟོན་རྩེན་མི་འདྲ་སྟེ། ངེད་རྩེ་མིན་པ་གསུང་རབ་ཀུན་གྱི་དོན་ཀུན་བསླབས། ཤེས་རབ་རྣམ་པ་གསུམ་ལ་བརྟེན་ནས་དོན་མ་ནོར་བར་ཤེས། ཆོས་སྤྱོད་བཅུ་ལ་བསླབས། སྒོམ་པས་ས་དང་པོ་ལ་བཟོད་པ་ཐོབ། ཡང་དག་པར་སྐྱོན་མེད་པར་ཡང་འཇུག་སྟེ། དེ་ནས་ས་དགུ་ཡང་དག་པར་རིམ་པར་སྦྱངས། ཕ་རོལ་ཏུ་ཕྱིན་པ་བཅུ་ལ་བསླབས། བརྒྱུད་སྦྱངས་ཚོགས་གཉིས་རྫོགས་ནས་སངས་རྒྱས་བརྙེས་པ་ལགས་ན། ཁྱེད་ལྟར་ན་ཚོགས་མ་བསགས། བློ་མ་སྦྱངས་པར་འཇིག་རྟེན་གྱི་བྱ་བ་ཡང་མི་ཤེས་ན་ཐམས་ཅད་མཁྱེན་པའི་རིགས་དང་ཤེས་བྱ་ཐམས་ཅད་ལ་འཇུག་པར་ཇི་ལྟར་འགྱུར། ཇི་ལྟར་ཚོགས་ཡང་མ་བསགས་ཅི་ཡང་མ་བྱས་ན་གུམ་ནས་ཟན་ཡང་མ་མྱོང་པར་ལྟོགས་ཏེ་མཆིས་ན། སངས་རྒྱས་རང་བཞིན་གྱིས་དོན་ཕུན་སུམ་ཚོགས་པ། དེའི་རྒྱུ་ཅི་ལས་གྲུབ། སྟོང་པ་གཅིག་པུས་རང་ལ་རང་མི་ཕན། གཞན་གྱི་དོན་ལྟ་ག་ལ་འགྲུབ། ཁུངས་མེད་ཅིང་ཐབས་ཤེས་ཡ་བྲལ་བའི་ཆོས་ཀྱིས་སངས་རྒྱས་སྐུར་ཏེ་བསླུས་པ་ཡིན། བྱང་ཆུབ་སེམས་དཔའི་ནི་སེམས་ཅན་གྱི་དོན་དུ་སེམས་བསྐྱེད་ནས་འགྲོ་བའི་དོན་ལྷུར་བྱས་ནས་ཚོགས་བསགས་ཏེ། ཐབས་མཁས་པར་བསླབས་ནས་ཤེས་རབ་རྣམ་གསུམ་ལ་བློ་སྦྱངས། ཡེ་ཤེས་ཚོགས་བསགས་སྒྲིབ་གཉིས་སྦྱངས་གློ་བུར་གྱི་དྲི་མ་ཐམས་ཅད་སྤངས་ནས་སངས་རྒྱས་ཏེ། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་དགོད་པར་མཛད་པའི་འཕྲིན་ལས་འཁོར་བ་མ་སྟོངས་བར་དུ་ལྷུན་གྱིས་གྲུབ་པ་ཡིན་པ་ལུང་དུ་མ་ནས་གསུངས། ཅི་ལ་ཡང་མི་སེམས་པ་ནི་བྱའི་སྒོ་ང་དང་འདྲའོ། མ་བརྟགས་པར་གོམ་བོར་ཡང་གྲག་སྙམ་སྟེ། ཆོས་ག་ལ་རྟོགས། དེས་ན་མདོ་སྡེའི་དོན་ཁོང་ཆུད་པར་བསླབས་ཤིང༌། ཞི་གནས་དང་ལྷག་མཐོང་དབེན་པར་ཡིད་ལ་བྱེད། རང་ལ་མྱོང་བ་དང་རྟོགས་པ་ཤར། དེ་ལྟར་མ་རྟོགས་པའི་དོན་དུ་ཚོགས་བསགས་ཤིང༌། སེམས་ཅི་ལྟ་བུར་སྒྱུ་མ་ལྟ་བུ་སྟེ་དོན་དམ་པར་དེ་མ་སྐྱེས་ཏེ་མེད་པར་མ་རྟོགས། ཆོས་ཐམས་ཅད་ཆུ་ཤིང་གི་སྙིང་པོ་ལྟ་བུར་མ་བཅོས་པར་རྟོགས་ན་དུས་གསུམ་དུ་མི་དམིགས་པར་འགྱུར་ཏེ། ཆོས་དང་གང་ཟག་ལ་བདག་མ་མཆིས་ཏེ། བྱིང་རྒོད་མ་མཆིས་པར་ཟུང་སྦྲེལ་དུ་འཇུག་པ་ལགས་ཏེ། སྒོམ་པ་ལ་དེ་ལྟར་ལགས་ཞེས་མཆིས་པ་དང༌། སྟོན་མིན་པས་རིམ་གྱིས་ཐེག་པ་ལ་ཤགས་ལན་སྨྲ་བར་མ་ནུས་ཏེ། སྤོབས་པ་ལན་མེད་གྱུར་ནས་མེ་ཏོག་གཏོར་ནས་ཕམ་བླངས་སོ། །རྩོད་པ་ཆོས་ཕྱོགས་སུ་འདུམ་པར་བྱས་སོ། །དེ་ནས་བཙན་པོའི་ཞལ་ནས་དོན་ལ་མི་མཐུན་པ་ཙམ་མི་འདུག་སྟེ། ལམ་སྦྱོང་ལུགས་ལ་ཧ་ཤང་གི་ཆོས་ཅིག་ཅར་དུ་འཇུག་མཆིས་པ་དེ། དབང་པོ་ཡང་རབ་སྦྱངས་པ་ཅན་གྱི་ལམ་ཡིན་ལ། དབང་པོ་འབྲིང་མན་ཆད་ཆོས་སྤྱོད་བཅུ་ལ་སྐྱོན་བཀལ། སེམས་ནི་བྱིང༌། ཚོགས་ནི་མ་བསགས། གཞན་གྱི་བློ་སྦྱོང་འཕྲོ་བཅད་པས་ཆོས་ཀྱང་ནུབ་པར་གྱུར་པས། འཕྲོ་ཆོད་ལ་ཁྱེད་རང་ཡང་སྒོམས་ཤིག ད་ཕྱིན་ཆད་ལྟ་བ་ནི་ན་ག་ཛུ་ནའི་ལྟ་བ་བཟུང༌། སྤྱོད་པ་ཕ་རོལ་དུ་ཕྱིན་པ་དྲུག་ལ་གྱིས། ཆོས་སྤྱོད་བཅུ་ཉམས་སུ་ལོངས།