སྒོམ་པ་ཤེས་རབ་གསུམ་གྱི་བློ་སྦྱོངས། ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བར་གྱིས་ལ་སྒོམས། ད་ཕྱིན་ངའི་བོད་འབངས་རྗེ་བློན་གང་གིས་ཀྱང་ཆོས་བྱེད་པར་འདོད་པ་རྣམས་ཀྱིས་བོད་མཐའ་འཁོབ་ཏུ་གྱུར་པ་དང༌། རིག་པ་བླུན་ཞིང་རང་ཁ་མང་སྟེ། ཆོས་རྟོག་པར་དཀའ་ཞིང་ཟབ་པར་གྱུར་པས། རྒྱ་གར་གྱི་མཁས་པར་རབ་ཏུ་གྲགས་པ་རྒྱལ་པོས་སྤྱན་དྲངས་ཏེ། ལོ་ཙཱ་མཁས་པས་གཏན་ལ་ཕབ་པ་དེ་ལ་འཇུག་པར་བྱའོ། །ཞེས་གསུངས་ནས་བཀའ་ནན་དུ་བསྩལ་ཏོ། །བོད་ཁམས་ཀུན་ལ་དྲིལ་བསྒྲགས་སོ། །ཅིག་ཅར་འཇུག་པའི་དཔེ་ཆ་རྣམས་བསྡུས་ཏེ། བསམ་ཡས་སུ་གཏེར་དུ་སྦས་སོ། །དེ་ནས་རྒྱ་ནག་གི་མཁན་པོ་ཧ་ཤང་མ་ཧཱ་ཡ་ནས་མི་གཡོ་བསམ་གཏན་གླིང་དུ་ལྷ་ཁང་གཅིག་བཞེངས་ནས། གཙན་པོས་ཀྱང་འབུལ་བ་མང་པོ་མཛད། ཧ་ཤང་ཡང་མཉེས་སོ། །ད་རྒྱ་གར་གྱི་ཡུལ་དུ་འགྲོ་གསུངས་ནས་རྡོ་རྗེ་གདན་དུ་གཤེགས་སོ། །དེ་ལ། ལ་ལ་ན་རེ། མཁན་པོ་ཡི་མུག་པས་རང་གི་གནས་སུ་སོང་ངོ༌། །ལྷམ་ཡ་གཅིག་ལུས་པས། མ་འོངས་པ་ན་ངའི་བསྟན་པ་ལྷམ་ཙམ་ཡོང་ཞེས་འཁོར་ལ་ལུང་བསྟན་པ་དང༌། ཁ་ཅིག་ན་རེ། མཁན་པོ་མགོ་ལ་མར་མེ་སྤར་ཏེ་ནུབ་བདེ་བ་ཅན་དུ་ཁ་བལྟས་ནས་འདས་པ་དང༌། ཉེ་གནས་པས་དབང་པོ་བརྡུངས་ཏེ་ལྕིབས་སོ་ཟེར་བ་དང༌། རྫུན་གཏན་མང་པོ་བསྒྲགས་པ་བྱུང་སྟེ་དེ་ལྟར་མ་ཡིན་ནོ། །དེར་མཙན་པོའི་ཐུགས་དགོངས་ཀྱང་གྲུབ་སྟེ། ཚོང་འདུས་སུ་བད་རྔམ་པའི་ལྷ་ཁང་བཞེངས་ཏེ་དགའ་སྟོན་མཛད་པའི་དུས་སུ་བོད་འབངས་ཐམས་ཅད་འཚོགས་པ་དང༌། ཀུན་ཆོས་ལ་གཟུད་ཅིང་ཆོས་མི་བྱ་མི་རུང་བའི་ཕྱིར། དབུས་མཐའ་ཐམས་ཅད་དུ་སློབ་དཔོན་བསྐོས། ཞང་བློན་གྱི་བུ་ཚ་དང༌། བཙུན་མོ་སྲིད་མ་ཟིན་པ་ཀུན་ཀ་བ་ལི་རེ་ཐོགས་ནས་ཆོས་སློབ་ཏུ་བཅུག སེམས་ལན་གསུམ་གྱི་བར་དུ་སློབ་དཔོན་ཀ་མ་ལ་ཤཱི་ལ་ལ་ཆོས་ཐམས་ཅད་ཐོས་བསམ་གྱིས་བདག་མེད་པར་གཏན་ལ་འབེབས་པའི་ཚེ་དེ་ཇི་ལྟར་ལགས་པ་གཅིག་ཡི་གེར་བཀོད་པར་ཞུ་ཞེས་ཞུས་པ་ལ། སྒོམ་རིམ་དང་པོ་བརྩམས་ནས་གནང་བ། བཙན་པོས་གཟིགས་པས་དེའི་དོན་གདན་གཅིག་གི་ཐོག་ཏུ་སྒོམ་ན་ཇི་ལྟར་སྒོམ་ཞུས་པས། སྒོམ་རིམ་བར་མ་བརྩམས་ནས་གནང༌། དེ་ལྟར་བསྒོམས་པས་འབྲས་བུ་ཇི་ལྟར་མཆིས་ཞུས་པས། སྒོམ་རིམ་ཕྱི་མ་བརྩམས་ནས་འབྲས་བུ་བསྟན་པའི་ཟོར་ལ། ཧ་ཤང་གི་ལྟ་གྲུབ་དེ་ཞོར་ལ་དབུ་མའི་དོན་དེ་སྒོམས་གསུངས། དེ་ལ་ཤིན་ཏུ་དགྱེས་ནས་དེའི་དོན་འགྲེལ་དུ་ཀ་མ་ལ་ཤཱི་ལས་བོ་དྷི་ས་ཏྭའི་དགོངས་པ་ལ། རྒོལ་བ་བྱུང་གིས་དོགས་ནས་ལུང་དང་རིགས་པར་འབྲེལ་བར་དབུ་མ་སྣང་བ་བརྩམས་ནས་གནང་ངོ༌། །དེ་ནས་རྒྱལ་པོས་ཨ་ཙརྱ་ཉེར་གཅིག ཧ་ཤང་གི་མི་ལྔ་བྱམས་པ་གླིང་དུ་དར་ཟབ་ཀྱི་ཁྲི་སྒོར་མོར་བཤམས་ཏེ་བཞུགས་སོ། །མཆོས་པ་དང་བསྙེན་བཀུར་མང་དུ་ཕུལ། རང་རང་གི་ཡུལ་དུ་གཤེགས་པ་རྣམས་ལ་ཡང༌། ཡིན་པོ་ཆེ་གསེར་དངུལ་མང་པོའི་རྫོངས་མཛད་དོ། །དེ་ནས་ཆོས་དཔོན་རེ་ལ་ལོ་རེ་ལ་ནས་ཁལ་བདུན་ཅུ་རྩ་ལྔ༌། ན་བཟའ་དགུ་ཕྱུག་རེ་རེ། སྤོད་མར་སྲང་སྟོང་གཅིག་བརྒྱ། ཆིབས་འོག་ཐེག་རྟ་རེ། ཤོག་བུ་དེབ་བཅུ་བཞི། སྣག་ཚ་ཡུག་གསུམ། ལན་ཚྭ་ཟད་མེད། མཆིམས་ཕའི་སྒོམ་ཆེན་ཉི་ཤུ་རྩ་ལྔ་ལ། ནས་ཁལ་ལྔ་བཅུ་རྩ་ལྔ༌། སྤོད་མར་སྲང་བརྒྱད་བརྒྱ་རེ། ན་བཟའ་དྲུག་ཕྲུག་རེ། མཚམས་ཀྱི་བན་དེ་རང་ཁ་མ་རྣམས་ལ། ནས་ཁལ་བརྒྱད་བརྒྱད། ཤོག་དེབ་གཉིས་རེ། སྣག་ཚ་ཡུག་རེ། སློབ་དཔོན་གྱི་གཉེར་པ་ཉི་ཤུ་རྩ་ལྔ་ལ་ནས་ཁལ་ཉི་ཤུ་རྩ་ལྔ་ལྔ༌། གོས་སུམ་ཕྲུག་རེ་རེ། ཐོས་བསམ་དང་དགེ་བ་ཉམས་དང་དཔགས་ནས་བྱེད་པ་རྣམས་ལ་ཟན་དང་ཆོད་མའི་ཚུལ་རྒྱུན་དུ་གནང༌། ཡོན་བདག་ཕོ་མོ་ཉ་མ་ཆོས་ཉན་རྣམས་ལ་ཡང་དུས་དུས་སུ་དགའ་སྟོན། བཟའ་མགྲོན་གྱི་བྱ་དགའ་ཡང་རྒྱུན་དུ་གནང་ནས། ལྷ་ཆོས་དར་བར་བྱས་པས་རྗེ་བཀའ་དྲིན་ཆེ་བ་ལགས། །དེ་ནས་བཙན་པོས་སྔ་འགྱུར་དག་པར་བྱེད་པའི་འཕྲོར་ལུས་པ་ལ་ཏུགས་མ་ཚིམ་ནས་པཎྜི་ཏ་མཁས་པ་བཙལ་བར་བྱ་དགོངས་པ་དང༌། ནུབ་མོ་སྒྲ་སྒྱུར་གྱི་ཁང་པར་ཀ་མ་ལ་ཤཱི་ལ་མུ་སྟེགས་ཀྱིས་གཤེད་མ་བཏང་བས་གཟིམ་ལམ་དུ་མཁལ་མ་མཉེས་ནས་བཀྲོངས་ཀྱང་ཟེར་ཏེ། དེ་ནི་གཡོག་པོ་གསེར་གཉེར་བ་རྒྱ་གར་དྷ་ན་ཤྲཱི་བྱ་བས་བསད་པ་ཡིན་ནོ།