R1186: ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད།

  • Pagination (Witness A): [-]
གཞན་ཡང་བཤད་པ་མང་པོ་མཛད། དབུ་རུ་ཀ་ཙལ་དུ་བཞུགས་ཞེས་སྡེ་སྣོད་ཐམས་ཅདལ་མ་རྨོངས་པ་ཞང་པ་ཚབ་པ་སེང་གེ་རྒྱལ་མཚན་གསུང་ངོ༌། །དེ་ལྟར་སྟོད་དང་སྨད་ནས་དགེ་སློང་བླ་ཆེན་པོའི་མཁན་བརྒྱུད་བཅས་པ་འཕེལ་ལོ། །བསྟན་པའི་མེ་རོ་སྨད་མདོ་ཁམས་སྨད་ནས་འཕེལ་བས། ཁམས་པ་ལ་ཨ་མི་ཟེར་བ་དེ་ཙུག་ཡིན་ནོ། །དེ་ལྟར་སྨད་ནས་མེ་རོ་ལངས་པ་དང༌། སྟོད་ནས་ལངས་པ་གཉིས་ལས། མངའ་རིས་སྟོད་ནས་ལངས་པ་ནི། ཆོས་སྔ་འགྱུར་གྱི་གཞུག་ཆད་ནས་གླང་དེར་གྱིས་ལྕགས་ཕོ་བྱའི་ལོ་ལ་ཆོས་བསྣུབས་ནས། མི་རབས་དྲུག་ཡན་ཆད་ལ་ལོ་བརྒྱ་དང་བརྒྱད་ཙམ་སོང་སྟེ། མངའ་རིས་ཉི་འོག་རྒྱལ་ཁམས་ན་སྡོམ་པ་གསུམ་གྱི་བཀའ་ནི་ཆད། བཤད་པ་དང་གདམས་ངག་གི་གནད་ནི་མེད། སྒྲུབ་བརྒྱུད་ནི་ཆད། ཚུལ་དང་མཐུན་པའི་ཏོས་བསམ་སྒོམ་གསུམ་ནི་ཡེ་མེད་དོ། །དེ་ལྟར་ཚུལ་ཇི་ལྟར་བསླངས་ན། དར་མའི་སྲས་ཁྲི་གནམ་ལྡེ་འོད་སྲུངས། དེའི་སྲས་དཔལ་འཁོར་བཙན། དེ་ལ་བསམ་ཡས་མཆིམས་ཕུའི་སྒྲུབ་པོ་པོ་ལྷ་ལུང་དཔལ་གྱི་ཡོན་ཏན་བྱ་བས། མདོ་སྡེ་ཐར་པ་ཆེན་ཕྱག་མཆོད། སྤང་སྐོང་གི་ཕྱག་མཆོད། དེ་བཞིན་གཤེགས་པ་སྨན་ལྷའི་མདོ་ཆོག་རྣམས་གཏན་ནས། ཁྱེད་སྔོན་ཡབ་མེས་ཀུན་གྱི་བཀྲ་ཤིས་བདེ་ལེགས་ཐམས་ཅད་འདི་ལས་བྱུང་བས་སྒྲུབས་ཤིག་གསུངས་ནས་གནང་ངོ༌། །གྲུབ་ཐོབ་ནམ་མཁའི་སྙིང་པོ་དང་སྣུབས་སངས་རྒྱས་ཡེ་ཤེས་རིན་པོ་ཆེའི་ཞལ་ནས། ཡབ་མེས་ཀྱིས་དཀའ་བ་སྤྱད་ཅིང་བྱིན་རླབས་ཐམས་ཅད་འདི་ལྟར་ཉམས་སུ་བླངས་པས་དངོས་གྲུབ་ཐོབ་པ་ཡིན་གསུངས་ནས་གསང་སྔགས་ཡང་ཕུར་དང༌། འཇམ་དཔལ་ཞི་ཁྲོ་མ་གཤིན་གྱི་བཀའ་རྣམས་གཏད་དོ། །དུས་འཁྲུགས་ཏེ་ལོ་བཅོ་བརྒྱད་རྒྱལ་པོ་མཛད་དོ། །རིམ་གྱིས་གཙང་དུ་བྱོན། གྲོམ་པ་ལྷ་རྩེའི་བྲག་ལ་ཕོ་བྲང་མཛད་ནས་བཞུགས་སོ། །ལོ་སུམ་ཅུ་སོ་གཅིག་ཆུ་མོ་ལུག་ལ་སྐུ་འདས་སོ། །དེ་ལ་སྲས་གཉིས་ཏེ་བཀྲ་ཤིས་བརྩེགས་པ་དཔལ་དང༌། ཁྲི་སྐྱིད་ལྡེ་ཉི་མ་མགོན་གཉིས་ལས། གཅེན་པོ་ཁྲི་བཀྲ་ཤིས་བརྩེགས་པ་དཔལ་ལ་སྲས་གསུམ་བྱུང་སྟེ། ཆེ་བ་དཔལ་ལྡེའི་རྒྱུད་པ་ནི། གུང་ཐང་པ། ཀླུ་རྒྱལ་བ། སྤྱི་པ། ལྷ་རྩེ་བ། གླང་ལུང་པ། རྩད་སྐོར་པ་རྣམས་ཡིན་ནོ། །བར་མ་འོད་ལྡེའི་རྒྱུད་པ་ནི། གྲོམ་པ་བ། སྲད་པ། ཉང་སྟོད་ཀྱི་ལྷ་ཆེན་དཔལ་ལ་སོགས་ཡིན་ནོ། །ཆུང་བ་སྐྱིད་ལྡེའི་རྒྱུད་པ་ནི། མུས་པ་འཇད་པ། ཉང་སྟོད་ནའང་འགའ་ཞིག་ཡོད་དོ། །ཁྲི་སྐྱིད་ལྡེ་ཉི་མ་མགོན་ཆིབས་ཁ་གྱེན་ལ་བསྐྱོད་ནས་མངའ་རིས་སྟོད་དུ་གཤེགས་པ་ལ་ཡབ་ཀྱི་ཞལ་ནས། ལྷོ་མོན་དོང་ཁ་ཕྱེ་བ་འདྲ་བ་དང༌། བྲུ་ཤ་དང༌། སྦལ་ཏི་དང༌། ས་སྒང་གི་འབྲོག་་་་གྲོག་་་་མོ་ལ་སོགས་པ་མི་དང་མི་མ་ཡིན་པའི་གནོད་པ་མང་པོ་ཡོད་པས། ཡི་དམ་དང་སྲུང་མར་མདོ་སྔགས་ཀྱི་ཆོ་ག་འདི་རྣམས་གྱིས་ཤིག་གསུངས་ནས་གནང་བས། མངའ་རིས་ཀྱི་བཙད་པོ་རྣམས་ཆབ་སྲིད་དང༌། མངའ་རིས་མཐོ་བར་བྱིན་རླབས་ཆེ་བ་ཡིན། བློན་པོ་གཉིས་ཀྱིས་གཙང་བྱེ་མ་གཡུང་དྲུང་བར་དུ་བསྐྱལ་ནས། ཞང་པ་ཚབ་ཉི་མ་རྡོ་རྗེ་ཡིས་དྲེའུ་གཅིག་ཕུལ། ཅོག་རོ་ཕག་ཤ་ལྷ་ལེགས་ཀྱིས་སྤྱང་ཁུའི་ཐུལ་པ་གཅིག་ཕུལ། རྗེ་ཁྲི་སྐྱིད་ལྡེ་ཉི་མ་མགོན་གྱི་ཞལ་ནས། ངས་སྟོད་ཕྱོགས་འདིར་རྒྱལ་ས་ཟིན་ན་ཁྱེད་གཉིས་ལ་བསླང་རྒྱུ་རེ་ཡོད་དོ་གསུངས་ནས་སོ་སོར་བྱོན་ཏེ། མཚོ་མ་ཕམ་གྱི་བྱང་དུ་བཞུགས་ནས། བློན་པོ་ཤེས་རིག་ཆེ་བ་གསུམ་སྟོད་བསྐོར་གསུམ་བལྟ་རུ་བཏང་བས་བློན་པོ་སྤུ་རང་དུ་བལྟ་རུ་བཏང་བ་འཁོར་ནས་བྱུང་བས། རྗེ་ལ་ཕྱག་བྱས་མཉེས་དྲིས་པ་དང༌། ཇི་ལྟར་འདུག་གསུངས་པ་ལ། ལུང་པ་རྟ་བཤས་ཀྱི་ཁོག་པ་གངས་ཀྱིས་བསྐོར་བ་འདྲ་བ་ན་མི་སྲིན་པོ་འདྲ་བ་ཞིག་མཆིས་ཟེར། གུ་གེར་ཕྱིན་པ་ན་རེ། ལུང་པ་ཉ་ལྟར་དཀར་གྱི་ཁོག་པ་འདྲ་བ་གཡའ་ཡིས་བསྐོར་བ་ཞིག་ལ་མི་ལུག་འདྲ་བ་གདའ་ཟེར། མང་ཡུལ་དུ་ཕྱིན་པ་ན་རེ། ཡུལ་ཀོ་མོག་ཆབ་ཀྱིས་གང་བ་གངས་ཀྱིས་བསྐོར་བ་འདྲ་བ་ཞིག་གདའ། མི་སྦལ་པ་འདྲ་བ་གཅིག་གདའ། གོ་ཨང་གསུངས། རང་རེ་རྗེ་བློན་རྣམས་བླ་མ་དཀོན་མཆོག་ལ་མཆོད་པ་འབུལ། གསོལ་བ་གདབ་པོ་གསུངས་ནས་དང་པོ་སྤུ་རང་དུ་བྱོན་ནས་ཚོང་མང་པོ་མཛད། མི་རྣམས་ཟས་ཀྱིས་བྲིད། ཐམས་ཅད་དད་པར་བྱས་ནས་ཁྲིམས་བཅས་དབང་དུ་འདུས་པ་དང༌།