R1186: ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད།

  • Pagination (Witness A): [-]
དམག་བཤམས་གུ་གེ་ལ་བརྒྱབ། མངའ་འོག་ཏུ་བཅུག དེ་ནས་མར་ཡུལ་དུ་བྱོན། རྒྱལ་ཁྲིམས་བཅས་ཉེས་པ་ཤོར་བ་རྣམས་ལ་ཉེས་པ་བླངས། མགོ་བྲེགས་ནས་དེ་ལྟར་སྟོད་མངའ་རིས་བསྐོར་གསུམ་རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་འདྲ་བས་མནན། དེ་ནས་སྤུ་རང་དུ་སྐུ་མཁར་ཉི་ཟུང་བརྩིགས། སྟོད་ཀྱི་མངའ་བདག་རྒྱལ་པོ་མཛད། དེ་ནས་ཞང་བློན་གཉིས་ཀྱིས་བུ་མོ་གཉིས་བཙུན་མོར་ཕུལ་ལོ། །པ་ཚབ་མ་ལ་ཚ་བོ་མ་བྱུང༌། ཅོག་རོ་ཟངས་ཁ་མ་ལ་སྲས་གསུམ་བྱུང༌། ཆེ་བ་དཔལ་གྱི་མགོན་གྱི་རྒྱུད་ནི། ཡར་ལུང་དང་སྤུ་རང་ལུགས་ཀྱི་ཡུལ་གྱི་བཙད་པོ་རྣམས་ཡིན་ནོ། །བར་པ་བཀྲ་ཤིས་མགོན་གྱི་རྒྱུད་པ་རྣམས་ནི། ཞང་ཞུང་ཕྱི་ནང་དང༌། སྤུ་རང་དང༌། ཡ་རྩེའི་རྒྱལ་པོའི་རྒྱུད་རྣམས་ཡིན་ཟེར་རོ། །མོན་ཡུལ་ན་ཅི་རིགས་པ་ཡོད་དོ། །ཆུང་བ་ལྡེ་གཙུག་མགོན་གྱི་རྒྱུད་ནི། ཁུམ་བུ་བ། དིང་རི་བ། མོན་ཡུལ་ན་ཅི་རིགས་པ་ཡོད་དོ་ཟེར་བ་རྣམས་ལགས། བཀྲ་ཤིས་མགོན་གྱི་སྲས་ཁོ་རེ་དང་སྲོང་ངེ་བྱོན། ཁོ་རེའི་སྐུ་ཚེའི་སྟོད་ལ་བཙུན་མོ་བཞེས་རྒྱལ་སྲིད་བསྐྱངས། དེ་ལ་སྲས་དེ་བ་ར་ཛ་དང༌། ན་ག་ར་ཛ་གཉིས་འཁྲུངས། སྐུ་ཚེ་སྨད་ལ་མོན་ཡུལ་ན་བསླུ་རྐུན་ཡོད་ཟེར། དེས་རྐྱེན་བྱས་ནས་ཐུགས་ཞེན་པ་ལོག་སྟེ། འཇིག་རྟེན་ལ་སྐྱོ་བ་སྐྱེས། དམ་པའི་ཆོས་ལ་དད་པ་སྐྱེས་ནས་སྔོན་མེས་དབོན་རྣམ་བཞིས་དམ་པའི་ཆོས་དར་བར་བྱས་པ། གླང་དར་མས་བསྣུབས་པ་གསོ་བ་དང་ཡབ་མེས་ཀྱི་རྗེས་སྙེགས་པ་བོད་ལ་ཕན་གདགས་པའི་ཕྱིར་རྒྱལ་སྲིད་གཅུག་པོ་སྲོང་ངེ་ལ་གཏད་ནས། ཁོང་རང་གིས་ཁོང་རང་རབ་ཏུ་བྱུང་ནས། བསླབ་པ་ནི་གསུང་རབ་དང་དཀོན་མཆོག་ལ་བླངས། མཚན་ཡང་བླ་མ་ཡེ་ཤེས་འོད་དུ་གསོལ། དེའི་དུས་སུ་རྒྱལ་ཁྲིམས་ནི་སིལ་བུར་སོང༌། སྔ་འགྱུར་གྱི་བཀའ་ནི་ཆད། ཡོངས་གྲགས་མགོ་རེག་ཟེར་ར་ཆོད་རས་གཅོད་བྱེད། སྙན་རྒྱུད་མདའ་ལྟར་མངག ཡོངས་སུ་རྫོགས་པ་རི་ཁྲོད་འགྲིམས་ཟེར། དེའི་དུས་སུ་བླ་མ་ཉིད་མཚན་ཉིད་ཐེག་པ་སྤང་བྱར་སྟོན་པ་རྣམས། སངས་རྒྱས་ཀྱི་བཀའ་ཡིན་པར་མཁྱེན་ཡར་གསང་སྔགས་འབྲས་བུའི་ཐེག་པ་རྣམས་རྒྱུ་མཚན་ཉིད་དང༌། ལམ་གྱི་སྤྱོད་ཚུལ་མི་མཐུན་པར་འདུག་པས། བཀའ་ཡིན་པ་ལ་ཐེ་ཚོམ་ཞུགས་ནས། དེའི་དུས་སུ་བལ་པོ་པད་མ་མ་རུ་རྩེ་བྱ་བ་ཆོས་བག་ཙམ་མཁྱེན་པ་གཅིག་ལ་སེམས་བསྐྱེད་ཐོབ་ཅིང༌། བྱམས་སེམས་སྙིང་རྗེ་འབྱོངས་པའི་གང་ཟག་བཟང་པོ་ཞིག་བྱུང་ནས། དེ་ལ་མངའ་བདག་ལྷ་བླ་མས་ཆོས་ཞུ་གསུངས་པས་ངས་མཁས་པར་མི་ཤེས། རྒྱ་གར་ན་མཁས་པ་ཡོད། ང་ཡིས་སྤྱན་དྲང་ངམ་ཟེར་ནས། དེ་ལ་ཞུ་རྟེན་གྱི་གཟེར་བསྐུར་བཏང་བས་པཎྜི་ཏ་མཁས་པ་སྨྲི་ཏི་ཛྙཱ་གྷིར་ཏི་དང༌། ཨ་ཙརྱ་ཕྲ་ལ་རིང་བ་བྱ་བའི་མཁས་པ་གཉིས་སྤྱན་དྲངས་ནས་ཡོང་བས། ལོ་ཙཱ་བ་མ་རུ་རྩེ་ཕོ་ལོག་གླང་ཐབས་ཀྱིས་བལ་ཡུལ་དུ་ཤི་ནས། པཎྜི་ཏ་གཉིས་བོད་སྐད་མི་མཁྱེན་ཚུར་བྱོན་པའི་ལམ་དུ་དཔལ་མོ་དཔལ་ཐང་དུ་ཇག་པས་ཁྲིད་ནས་བྲན་དུ་བྱས། བྲོས་ཀྱི་དོགས་ནས་བཙོངས་ནས་རིན་བཟའ་འོ་ཟེར་ཏེ། རྟ་ནག་ཏུ་ཁྱོང་རྗེ་ཤག་བཙན་བྱ་བ་ལ་བཙོངས་ནས་ལུག་རྫི་ལོ་འགའ་བྱས། གླན་ཚུལ་ཁྲིམས་སྙིང་པོ་ལ་རིན་པོ་ཆེ་སྤུངས་པ་གསུངས་ཏེ། དེ་ནས་གྲུབ་པ་ཏོབ་པར་ཤེས་ནས་བཟུགས་པར་ཞུས་པས་མ་གནང༌། དེ་ནས་ཁམས་སུ་བྱོན། ཡོལ་རི་ལ་བཞུགས། ལོ་འགའ་ཤས་ནས་བོད་སྐད་བྱང་ནས་སྒྲ་རང་འགྱུར་དུ་ཆོས་གཞུང་དང༌། སྒྲུབ་ཐབས་དང༌། གདམས་ངག་རིན་པོ་ཆེ་སྤུངས་པ་ལ་སོགས་མང་པོ་གསུངས་སོ། །ལོ་གོང་ཡེ་ཤེས་རིན་པོ་ཆེ་ལ་མངོན་པ་མཛོད་རྩ་འགྲེལ་དང༌། སྒྲ་སྨྲ་སྒོ་མཚོན་ཆ་དང་རང་འགྱུར་དུ་གསུངས་སོ། །དེ་ནས་ཅོག་རོ་ཞང་བཙུན་དང༌། གཡའ་སྟོན་ཤེས་རབ་གྲགས་དང༌། པ་ཚབ་རི་ཁྲོད་པ་དང༌། ཟངས་ཁ་མཛོད་ཁུར་ལ་སོགས་པ་ཁ་མཆེད་དེ་དབུས་སུ་དར་རོ། །གཞན་ཡང་འཇམ་དཔལ་གྱི་འགྲེལ་པ་རྒྱས་འབྲིང་བསྡུས་གསུམ་དང༌། དེའི་སྒྲུབ་ཐབས་ཆ་ལག་དང༌། རྣལ་འབྱོར་གྱི་རྒྱུད་དཀྱིལ་འཁོར་ལ་སོགས་པ་མང་པོ་རང་འགྱུར་དུ་མཛད་དོ། །ཨ་ཙརྱ་ཕྲ་ལ་རིང་བ་ནི་སྐུ་བགྲེས། རྩ་རིང་དུ་སྐུ་ཚེ་འཕོས་སོ། །ལྷ་བླ་མའི་རིང་ལ་སྨྲི་ཏི་བྱོན་ཡང་ལོ་ཙཱ་བ་མེད་པས་ངོ་མ་ཤེས་ཏེ། བྱོན་པ་མ་ཚོར་རོ། །ཆོས་མང་པོ་བསྒྱུར་ཡང་ཁམས་སུ་ལུས་པས་ལྷ་བླ་མའི་ཐུགས་དགོངས་མ་རྫོགས་སོ།