R1186: ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད།

  • Pagination (Witness A): [-]
།ལྷ་བླ་མ་ནི་སྦྱོར་ལམ་རྩེ་དྲོད་ཀྱི་ཡེ་ཤེས་ལ་གནས་པར་འཇམ་དཔལ་རྩ་རྒྱུད་ལས་ལུང་བསྟན་པ་ནི། བྱང་ཕྱོགས་གང་རིའི་རྒྱུད་ཅན་དུ། །རིགས་ནི་རྒྱལ་སྲས་ཞེས་བྱ་སྟེ། །ཡེ་ཤེས་འོད་ཅེས་བྱ་བ་འབྱུང༌། །ཞེས་དང༌། མདོ་སྙིང་རྗེ་པད་མ་དཀར་པོ་ལས། ཀུན་དགའ་བོ་མྱ་ངན་མ་བྱེད་སྨྲེ་སྔགས་མ་འདོན། ང་མྱ་ངན་ལས་འདས་པའི་འོག་ཏུ་བྱང་ཕྱོགས་སུ་དགེ་སློང་ཡེ་ཤེས་འོད་ཅེས་བྱ་བ་འབྱུང་སྟེ། དེ་ཡིས་བསྟན་པ་རྒྱས་པར་བྱེད་དོ། །ཞེས་ལུང་བསྟན་ཏོ། །ལྷ་བླ་མས་ཐུགས་བརྩེ་བས་དགོངས་ཏེ། སྲས་གཉིས་ཀྱང་རབ་ཏུ་བྱུང་སྟེ། ཁོང་གི་མཆོད་གནས་སེར་པོ་ཞེས་བྱ་བ་དང༌། ས་སྒང་གི་འབྲོག་མི་བགྲས་ཏེ། དེས་སེར་པོ་ཅན་བསད་པ་ལ། ལྷ་བླ་མས་ངའི་མཆོད་གནས་བཀྲོངས་པས་སྟོང་འདོད་གསུངས་ཏེ། མནལ་ལམ་དུ་གསེར་རྟ་སྟན་ཙམ་གཅིག་དབུལ་ལགས་ཀྱིས་ཟེར་ནས། དོང་རྩེ་ཝང་གི་གསེར་ས་བྱ་བ་ཕུལ་བས། བུག་པ་རེ་ནས་གསེར་བྲེ་ཁལ་གྱིས་བཅུ་རུ་བྱུང་ནས་སྤུ་རང་དུ་ཁོ་ཆར་དང༌། སིལ་ཆོག་ཏུ་རྟ་པོ་དང༌། མར་ཡུལ་དུ་ཉར་མ་དང༌། དབུ་རིག་ཏུ་ཤ་ལིང་དང༌། གུ་གེར་ཐོ་ལིང་གི་གཙུག་ལག་ཁང་ཆེན་པོ་བཞེངས་སོ། །གཙུག་ལག་ཁང་དེའི་ལྕགས་རི་གཅིག་གི་ཁོངས་ན་གཉ྄ཛིར་བཙུགས་པའི་ལྷ་ཁང་དྲུག་ཅུ་རྩ་བཞི་ཡོད་དོ། །དེ་ནས་བསྟན་པ་འཕེལ་ཞིང༌། ཐེ་ཚོམ་གཅོད་པའི་ཕྱིར་སྟོད་མངའ་རིས་བསྐོར་གསུམ་ན་བློ་རྣོ་བ་ཤེས་རིག་དང་ལྡན་པའི་བྱིས་པ་རྣམས་བསགས་ནས། དེའི་ནང་ནས་ཁྱིའུ་ཉི་ཤུ་རྩ་གཅིག་མི་ལོ་བཅུ་པ་ལས་མི་རྟན་མི་གཞོན་པ་དབྱུག་གུ་དང་ཆུ་ཚོད་ཀྱིས་བློ་གྲོས་བརྟགས་ཏེ། དང་པོ་གཞུང་འཛིན་པ་དང༌། དེ་ནས་དོན་སྤྱོད་པ་དང༌། མཐར་མཉམ་པར་འཇོག་པ་ལ་བརྟགས་ཏེ། རབ་འབྲིང་ཐ་གསུམ་དུ་ཕྱེ། རབ་བདུན། གཡོག་བདུན། བློ་གྲོས་མགོ་འདོན་པ་བདུན་རེ་སྟེ། ཉེར་གཅིག་ཕ་མ་ལ་ནོར་གྱིས་བླུས། རྒྱལ་ཁྲིམས་བཙན་པས་མི་གཏང་དུམ་བཏུབ་ནས། དེ་དག་ལ་གསེར་ཕྱེ་ཕུལ་གྱིས་བཤང་ཏེ་བསྐུར་ནས། རྒྱལ་པོ་ལ་ཕྱག་རྟེན་དང༌། ཆོས་ཀྱི་ཞུ་རྟེན་གྱིས་ལ། རྒྱ་གར་ནས་ཉི་ཟླ་ལྟར་གྲགས་པའི་འདུས་པ་རྣམ་གཉིས་དང༌། ཤར་ཕྱོགས་ནས་པཎྜི་ཏ་དྷརྨ་པ་ལ་དང༌། ཁ་ཆེ་ནས་རིན་ཆེན་སྡེ་ལ་སོགས་ཀཔ་ལ་གསེར་ལ་མ་རྩེག་པར་མང་དུ་ཕུལ་ལ་སྤྱན་དྲོངས་ལས་ཤོག་ཅེས་བཀའ་བསྒོས་ཏེ་བརྫངས་པས། བཅུ་དགུ་ཚད་པས་ཤི། ཞང་ཞུང་གི་ལྷ་བཟོ་རིན་ཆེན་བཟང་པོ་དང༌། སྤུ་རང་གི་ལོ་ཆུང་ལེགས་པའི་ཤེས་རབ་གཉིས་ལས། བོད་ལ་གཞན་ཚོས་ཕན་ཐོགས་པ་མ་བྱུང༌། ལོ་ཆེན་ལོ་ཆུང་གཉིས་མཁས་པར་གྱུར་ཏེ། དེ་གཉིས་ཀྱིས་དང་པོ་ཁོ་ཆར་དུ་བྱོན། སྒྲ་ལེགས་པར་སྦྱངས། ཙན་དྷ་ཧ་རི་ལ་ལ་གསང་བ་འདུས་པ་ལུགས་གཉིས་ཞུས། འཇིག་རྟེན་གསུམ་སྣང་གི་དཀྱིལ་འཁོར་དུ་ལན་བདུན་ཞུགས་པས་མོས་པས་མེ་ཏོག་འཇམ་དཔལ་ལ་ཕོག ལོ་ཙཱ་བ་གཉིས་རྒྱ་གར་དུ་ལན་གསུམ་བྱོན་ནོ། །རྣལ་འབྱོར་གྱི་རྒྱུད་དེ་གཉིས་ཉིད་འདུས་པ་དང༌། དཔལ་མཆོག་དང་པོ་དང༌། རྡོ་རྗེ་རྩེ་མོ་དང༌། རྡོ་རྗེ་འབྱུང་བ་དང་འགྲེལ་པ་ཀོ་ས་ལའི་རྒྱན་ཞུས། དཔེ་ཆ་རྣམས་བསྣམས་ནས་བྱོན། རྣལ་འབྱོར་གྱི་རྒྱུད་ལ་སྔགས་པ་གསར་མར་གྱུར་ནས། ཆོས་ཀྱི་འཕོངས་པ་ལ། དེ་གཉིས་་་་་ཉིད་་་་་འདུས་པ་ལ་་་་་་་་་བྱས། ཀོ་ས་ལས་གཏན་ལ་འབེབས་བྱེད་བྱས། ཆོས་མ་ཡར་བུ་ཡར་བསྡེབས་ནས་བཤད་དོ། །དེའི་དུས་སུ་མངའ་རིས་སྟོད་དུ། ལུང་བཤད་ཤིན་ཏུ་དར་བར་བྱུང་བ་ལ། རྡོ་རྗེ་འབྱུང་བ་ཙན་ཆེས་ནས་མ་རྫོགས། གཙུག་དགུ་ཡོད་པ་ཐོས་ནས་ལྷ་ཁང་རྙིང་པ་ཀུན་ཏུ་དཔེ་ཆ་འཚོལ་དུ་བཏང་བས་མ་རྙེད། ལོ་ཆུང་ལ་བསྡུས་པ་གསུངས་པས། རྡོ་རྗེ་ཆོས་ཀྱི་སྒྲུབ་ཐབས་ཆེ་བ་ལྷ་བཅུ་གཅིག་པ་དང༌། ཆུང་བ་ལྷ་བཅུ་གསུམ་པ་དང༌། ཕྱིས་འགྲེལ་པ་སྟོད་འགྱུར་ནས་གཙུག་དགུ་བྱུང་ནས། གཉིས་པོ་དེ་རྣམས་མེས་བསྲེགས་སོ། །ལན་གསུམ་པ་ལ་དཔལ་མཆོག་ཧོང་ཀོང་ཅན་བསྒྱུར་རོ། །གསུམ་པ་ལ་རྔོག་རིན་ཆེན་རྒྱལ་མཚན་ཡུལ་དབུས་པ། ལྟེ་བ་གུང་ཐང་དུ་བཅད་པ་ལོ་ཙཱ་ལྡབ་ལྡིབ་ཤེས་པ་གཅིག་གིས་བལ་ཡུལ་བྷི་ཧ་རིའི་གཙུག་ལག་ཁང་ནས་རྙེད་ཟེར་ནས། སྟོད་འགྲེལ་རྡོ་རྗེ་འབྱུང་བ། ཁམས་གསུམ་རྣམ་རྒྱལ། གཙུག་དགུའི་ཆོ་གའི་དཀྱིལ་འཁོར་ཆོ་ག་རྣམས་ཀྱི་རྒྱ་དཔེ་རྣམས་ཕུལ་ནས།