R1186: ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད།

  • Pagination (Witness A): [-]
གསང་བ་འདུས་པ་ཡེ་ཤེས་ཞབས་ལུགས་ཀྱི་དབང་བསྐུར་དང་ཆོས་རྣམས་ཞུ་ཟེར་བས་དགྱེས་ཏེ། དེ་མ་ཐག་གནང་ནས། གྷང་གྷ་དར་ར་དང༌། བི་ཛ་ཡ་ཤྲཱི་བྷ་དྲ་དང༌། སུ་པ་ཤཱི་ཏ་དང༌། དྷརྨ་ཤྲཱི་མི་ཏྲ་དང༌། ཀ་མ་ལ་གུ་ཏ་དང༌། གཡའ་ཨ་ནན་ཏ་དང༌། ཀུ་མ་ར་ཤྲཱི་དང༌། ཛྙཱ་ན་ཤྲཱི་དང༌། ཨ་མ་ར་ཛ་ཎ་ཌ་དང༌། ཤ་ཡ་ཤྲཱི་དང༌། དྷ་ན་ཤཱི་ལ་དང༌། དེ་རྣམས་ཀྱིས་དཔེ་ཆ་བསྣམས་ནས་བྱོན་ནོ། །མཡ་ཡུལ་སུམ་མདོའི་ཆོས་འཁོར་ཉ་མར། པཎྜི་ཏ་བུདྷ་སི་ཤན་ཏམ་བ་དང༌། དྷུདྷ་པ་ལ་དང༌། ཀ་མ་ལ་གུབ་ཏ་གསུམ་དང་མཇལ་ནས་ཞུ་བ་ཕུལ། ཆོས་མང་པོ་བསྒྱུར། དེའི་དུས་སུ་གཙུག་དགུ་དང༌། རྡོ་རྗེ་འབྱུང་བ་ལ་སོགས་པ་དཀྱིལ་འཁོར་ཆོ་ག་རྒྱས་པ་ཐམས་ཅད་བསྒྱུར། ལོ་ཆེན་ལོ་ཆུང་གཉིས་ཀ་ཕྱི་ནང་གཉིས་ལ་མཁས་ཤིང༌། ཁྱད་པར་དུ་སྐྱེ་བ་སྔ་མའི་བག་ཆགས་སད་པས། གསང་སྔགས་ལ་མཆོག་ཏུ་མཁས་སོ། །སོ་སོ་ཐར་པའི་ཚུལ་ཁྲིམས། བྱང་ཆུབ་སེམས་དཔའི་སྡོམ་པ། གསང་སྔགས་ཀྱི་དམ་ཚིག་དང༌། ལུང་ནོད་པ་ཡང་མཛད་ནས། ཁ་ཆེ་པཎྜི་ཏ་དྷརྨ་པ་ལ་དང༌། པྲ་ཏ་ཀ་ར་ཝརྨ་དང༌། པདྨ་ཀ་ར་ཝརྨ་དང༌། མཁས་པ་མང་པོ་སྤྱན་དྲངས། རང་གི་སློབ་མ་ལོ་ཙཱབ་རྨ་དགེ་བའི་བློ་གྲོས་དང༌། མར་ལོ་རིག་པའི་གཞོན་ནུ། ཅོག་རོ་ཏིང་འཛིན་བཟང་པོ། ཚུལ་ཁྲིམས་ཡོན་ཏན། ཆོས་ཀྱི་བློ་གྲོས། ཤཱཀྱ་བློ་གྲོས་ལ་སོགས་པས་ཀྲི་ཡོག་གི་འགྲེལ་པ་དང༌། དེ་གཉིས་འདུས་པའི་དོན་གྱི་འགྲེལ་པ། ཨ་པ་དྷ་རས་བཀྲོལ་བའི་སངས་རྒྱས་གསང་བའི་ལུགས་དང༌། ཀོ་ས་ལའི་རྒྱན་ཞེས་བྱ་བ་སྟོང་ཕྲག་བཞི་པ། ཤཱཀྱ་བཤེས་གཉེན་གྱི་བཤད་ལུངས་དང༌། ཀུན་དགའ་སྙིང་པོའི་དེ་ཁོ་ན་ཉིད་སྣང་བའི་བཤད་ལུགས་སྟོང་ཕྲག་བརྒྱ་པ་དང༌། དཔལ་མཆོག་དང་པོའི་སྟོང་ཕྲག་ཉི་ཤུ་ལྔ་པ་དང༌། རྒྱུད་རྒྱས་པའི་བཤད་པ་རྡོ་རྗེ་རྩེ་མོ། ཁམས་གསུམ་རྣམ་རྒྱལ་མགོན་པོ་ཀུན་སྣང༌། ངན་སོང་སྦྱོང་བ་ཐམས་ཅད་གསན། རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པ། གཞན་རྒྱུད་སྡེ་ཆེན་པོ་བཞིའི་བཀའ་ཡང་མང་པོ་བསྒྱུར། །དུས་ཕྱིས་སྔགས་མཚན་ཉིད་ཀྱི་འགྱུར་འགོ་ཐམས་ཅད་ལོ་ཙཱ་བ་རིན་ཆེན་བཟང་པོས་བཙུགས་པ་ཡིན་ཏེ། མཁས་པ་ཆེན་པོ་དེ་ནི་ཞང་ཞུང་གི་ཡུལ་དུ་སྐུ་འཁྲུངས་པ་ཡིན། གདུང་ནི་ལྷུར་བཟོ་བྱ་བ་ཡིན། རིགས་རྗེ་རིགས། ཆུང་ཆུང་ནས་དད་པ་དང་ཤེས་རབ་ཆེ་བ། འཇམ་དཔལ་གྱིས་བྱིན་གྱིས་བརླབས་པ། ཐུགས་རུས་དང་སྤྱད་པ་གཞན་བས་ཆེ་བ་སྟེ། སྐུ་ཚེ་སྟོད་ལ་ཁ་ཆེ་དང་རྒྱ་གར་དུ་རབ་ཏུ་སྦྱངས་པ་ཆེན་པོ་མཛད་ནས་བཀའ་བསྟན་བཅོས་ཚད་མེད་པ་བསྒྱུར་ནས་བཤད་རྒྱུད་ཀྱི་བསྟན་པ་དར་བར་མཛད། སྐུ་ཚེ་སྨད་ལ་དབེན་གནས་གསུམ་གྱི་སྒོ་ལ་ཟངས་དང་དངུལ་དང་གསེར་གསུམ་གྱིས་ཡི་གེ་བྲིས་ནས། བདག་མི་དགེ་བའི་བསམ་པ་སྐྱེར་འཇུག་ན། བདག་ལུང་དུ་མ་བསྟན་གྱི། བསམ་པ་སྐྱེར་འཇུག་ན། བདག་དགེ་བའི་བསམ་པ་ཁོ་ན་མི་སྐྱེ་བསྟན་གྱི། བསམ་པ་སྐྱེར་འཇུག་ན། བདག་དགེ་བའི་བསམ་པ་ཁོ་ན་མི་སྐྱེ་ན། རྡོ་རྗེ་འཆང་གིས་བདག་གི་མགོ་བོ་འགེམས་པར་གྱུར་ཅིག་ཅེས་བྱ་བའི་གི་གེ་བཏབ་ནས། ཐུགས་དམ་ཐུན་བཞིའི་རྣལ་འབྱོར་གྱི་དམ་བཅའ་བརྟན་པོ་མཛད་ནས་སྒྲུབ་རྒྱུད་ཀྱི་བསྟན་པར་དར་ཞིང་རྒྱས་པར་མཛད་དོ། །པཎྜི་ཏ་ཛ་ན་དྷ་ལ་ཞུས་ནས། གསོ་བ་རིག་པའི་ཡན་ལག་བརྒྱད་པ་རྩ་འགྲེལ་དང༌། ནག་པོ་རྒྱུད་གསུམ་ལ་སོགས་པ་མང་པོ་བསྒྱུར་རོ། །རིན་ཆེན་བཟང་པོ་ལ་སློབ་མ་ལོག་འཚོ་མ་འདྲེས་པ་བཞི་ནི། ལོ་ཆུང་ལེགས་པའི་ཤེས་རབ་སྤུ་རང་པ། བཀྲ་པ་གཞོན་ཤེ། ཀྱི་ནོར་ཉ་ན། སྙ་ནམ་་་་གཉའ་ནང་་་་པ་མང་ནང་དུ་བཞུགས་པ་གུང་ཤོག་བརྩོན་འགྲུས་རྒྱལ་མཚན། དེ་བཞི་ལ་གཉལ་པ་ཉི་མ་ཤེས་རབ་ཀྱིས་ཐུག་གོ། །དེས་སྒུར་ཉི་མ་ལོའོ། །དེས་ཀུན་ཏུ་དར་རོ། །ལྷ་བླ་མ་དང༌། ལོ་ཆེན་གྱི་སྐུ་ཚེའི་གཞུག་ལ་སྲོང་ངེའི་སྲས་ལྷང་ངེ་གཟིགས་བཀྲ་ཤིས་ལྡེས། ཁོ་ཆར་དུ་དངུལ་སྐུ་ཆེན་པོ་བཞེངས་སོ། །པཎྜི་ཏ་སུམ་པ་ཤྲཱི་སྤྱན་དྲངས་སོ། །ལྷ་ལྡེ་ལ་སྲས་གསུམ། ལྷ་བྱང་ཆུབ་འོད། ཞི་བ་འོད། ལྷ་ཞལ། ལྷ་ཞལ་གྱིས་རྒྱལ་སྲིད་ཆོས་ལ་ཕུལ་ནས་རབ་ཏུ་བྱུང་ངོ༌། །དེ་གསུམ་གྱིས་ལྷ་ཁང་བཞེངས་པ་སྤུ་རང་དུ་ཚ་བ་སྒང༌། གུ་གེར་མང་ནང་དང་སྡེ་གསར་ཡིལ་ཆོག་རུ་ལ་སོགས་པའོ།