R1186: ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད།

  • Pagination (Witness A): [-]
།ཁོང་གིས་ལོ་ཙཱ་ཡང་མཁྱེན། ཞི་བ་འོད་ཀྱིས་ཁ་ཆེའི་པཎྜི་ཏ་དྷ་ན་ཏ་ལ་སྤྱན་དྲངས་ནས་དུས་འཁོར་བསྒྱུར། སྐད་གསར་བཅད་བྱས། རྡོ་རྗེ་འཕྲེང་བ་བསྒྱུར། དེས་རྭ་དགེ་སློང་བློ་གྲོས་སྙིང་པོ་དང༌། རབ་ཞི་བཤེས་གཉེན། ཁྱུང་པོ་ཆོས་ཀྱི་བརྩོན་འགྲུས། མཚུར་ལ་དཀར་སི་ཏི། གྲོ་སེར་དཀར་ཤཱཀྱ་འོད། མང་ནང་གྲགས་འབྱོར་ཤེས་རབ། མཚུར་དབྱིག་རྒྱལ་མཚན། སུམ་པ་དར་མ་ཡོན་ཏན། སྤུ་རིགས་པ་ཚུལ་ཁྲིམས་གཞོན་ནུ་ལའོ། །ལྷ་ལྡེ་ལ་སྲས་གསུམ། བྱང་ཆུབ་འོད། ཞི་བ་འོད། འོད་ལྡེ་དང་གསུམ་ཡིན། བྱང་ཆུབ་འོད་ཀྱི་ཐུགས་དགོངས་ལ། ཆོས་ཐོག་ཏུ་ཆོསརྩ་འགྲེལ་སྡེབ། རང་གི་ཤེས་རབ་ཀྱིས་གཞལ་ནས། སློབ་དཔོན་མི་དགོས་ཟེར་ཞིང་གཞུང་ལ་རྩལ་བཤད་བྱེད། ཉམས་ལེན་ནི་ཤིན་ཏུ་ཞན་པའི་དུས། བོད་ཀྱི་རྒྱལ་ཁམས་ལ་ཕན་གདགས་པར་དགོངས་ནས་ཕན་གང་ཆེ་བསམས་པས་ཆོས་ལུང་མེད་ལ་བྱིན་རླབས་མི་འབྱུང་བས། པཎྜི་ཏ་མཁས་པ་བཟང་བ་ཞིག་སྤྱན་དྲངས་ན་ཕན་ཆེ་བར་འདུག་བསམས་པས། གུང་ཐང་པ་ཚུལ་ཁྲིམས་རྒྱལ་བ་ལ་སོགས་པ་མི་ལྔ་ལ་གསེར་སྲང་གསུམ་ཅུ་རྩ་གཉིས་དང༌། གསེར་ལིང་པ་གཅིག་བསྐུར་ནས་ཕོ་ཉར་བཏང་སྟེ། ཉང་སྟོད་སྟག་ཚལ་བ། ཁུམ་བུ་ཡུལ་པ་ལོ་ཙཱ་བ། རྒྱ་བརྩོན་འགྲུས་སེང་གེ་ལ་དཔོན་བགྱིས་ནས། རྒྱ་གར་ཤར་ཕྱོགས་ཟ་ཧོར་གྱི་ཡུལ་ན་རྒྱལ་པོ་དགེ་བ་དཔལ་གྱི་སྲས་རྒྱ་གར་ཡུལ་དབུས་མ་ག་དྷ་རྡོ་རྗེ་གདན་ན། འབྲི་ཀ་མ་ལ་ཤི་ལ་དང༌། དཔལ་ན་ལེན་དྲའི་གཙུག་ལག་ཁང་དུ་རིག་པའི་གནས་ལྔ་ལ་ལེགས་པར་སྦྱངས་པ། མཁས་པ་ཆེན་པོར་གྱུར་པ། ཐེག་པ་གསུམ་གྱི་བརྟུལ་ཞུགས་ལ་ལེགས་པར་གནས་པ། སྒྲུབ་པ་ཕུན་སུམ་ཚོགས་ལ་ནན་ཏན་མཛད་པ་ཐམས་ཅད་མཁྱེན་པ་ཉིད་གཉིས་པ་ལྟ་བུ་རྗེ་དི་བཾཀ་ར་ཤྲཱི་ཛྙཱ་ན་ཞེས་བྱ་བ། འབྲི་ཀ་མ་ལ་ཤི་ལ་ན། པཎྜི་ཏ་སུམ་ཅུ་རྩ་གཉིས་བཞུགས་པའི་ནང་ནས་མཁས་ཤིང་གྲུབ་པས་བརྒྱན་པ་དེ་ལ། བོད་ཀྱི་བཙད་པོ་བྱང་ཆུབ་སེམས་དཔའི་སློབ་དཔོན་དུ་ཞུ་རྟེན་ཕུལ་ནས་ཞུས་པས། ངས་བརྟག་པ་གཅིག་བྱ་གསུངས་ནས། དོ་ཀྱེར་གྱི་ལྷ་ཁང་གི་མཁའ་འགྲོ་མས་ཀྱང་བོད་ལ་ཕན་ཐོགས་པར་ལུང་བསྟན། ཇོ་མོ་སྒྲོལ་མའི་ཞལ་ནས་ཀྱང་ཨུ་པ་སི་ཀ་དགེ་བསྙེན་གཅིག་ལ་བརྟེན་ཏེ་བོད་ཀྱི་སེམས་ཅན་ལ་ཕན་ཏོགས་པ་གཅིག་ཡོང་བར་འདུག་ཅེས་ལུང་བསྟན། བོད་དུ་བྱོན་པར་ཞལ་གྱིས་བཞེས་ནས། བལ་ཡལ་ཐང་བྷེ་ཧ་རིར་བཞུགས། གནས་བརྟན་ལ་སྤྱོད་བསྡུས་གསུངས། དེ་ནས་མང་ཡུལ་དུ་འཕགས་པའི་དྲུང་དུ་ཅུང་ཞིག་བཞུགས། དེ་ནས་གུང་ཐང་དུ་བྱོན། དེ་ནས་སྤུ་རང་དུ་བྱོན། བསུ་བ་བྱས། ཐོ་ལིང་དུ་བྱོན་ནས། ཇོ་བོས་ལྷ་ཁང་གི་ལྷ་རྣམས་ལ་བསྟོད་པ་མཛད་དོ། །དེར་ཆགས་ཕབ། ལྷ་བྱང་ཆུབ་འོད་ཀྱིས་ཞུ་རྟེན་དུ་གསེར་སྲང་དྲུག་བརྒྱ་ཕུལ་ནས་ཐོག་མར་ཞུ་བ་གསུམ་བྱས་ཏེ། སངས་རྒྱས་ཀྱི་བསྟན་པ་ལ་རིམ་གྱིས་འཇུག་པ་ལགས་སམ། ཅིག་ཅར་དུ་འཇུག་པ་ལགས་སམ། ཕྱི་ནང་གི་ཁྱད་པར་གང་ལགས། དགེ་སློང་གི་རྡོ་རྗེ་སྔགས་ཀྱི་དངོས་དབང་གོང་མ་རྣམ་གཉིས་བླང་དུ་རུང་མི་རུང་ཞུས་པས། རིམ་གྱིས་ཡིན་གསུངས་ནས། ལམ་རིམ་ལམ་སྒྲོན་མཛད། སྐྱབས་འགྲོ་དང༌། ལྟ་བ་བཀའ་བཏགས་ཀྱི་ཕྱག་རྒྱ་བཞི་ཡོད་མེད་ཡིན། གསང་བ་ཤེས་རབ་ཡེ་ཤེས་ནི་ཚངས་པར་སྤྱོད་པས་བླང་བར་མི་བྱ་ཞེས་གསུངས་སོ། །སྐྱེ་བོ་མང་པོ་བསྙེན་གནས་ལ་བཀོད། མང་པོར་སྒྲུབ་པའི་གདམས་ངག་གནང་ནས་ཡི་དམ་ལྷའི་ཞལ་གཟིགས་པ་མང་དུ་བྱུང༌། ལོ་ཆེན་རིན་ཆེན་བཟང་པོས་མ་ཧཱ་པཎྜི་ཏ་ཤྲཱི་ཛྙཱ་ན་སྤྱན་དྲངས་ནས་ཁོང་གི་གཟིམས་ཁང་ན། སྔགས་ཀྱི་དཀྱིལ་འཁོར་གྱི་བྲིས་སྐུ་མང་པོ་ཡོད་པ་དང༌། སྒོ་མདུན་ན་བཅོམ་ལྡན་འདས་མི་གཡོ་བའི་བྲིས་སྐུ་བཞུགས་པས་དེ་ལ་ཐུགས་རྗེ་དབྱིངས་ཀྱི་བསྟོད་པ་མཛད་དེ་ཕྱག་མཛད། དེ་ནས་དཀྱིལ་འཁོར་གཞན་ལ་ཡང་བསྟོད་པ་ཤོ་ལོ་ཀ་རེ་མཛད་ནས་ཕྱག་མཛད་དོ། །དེ་སྔོན་རིན་ཅེན་བཟང་པོས་ཇོ་བོ་རྗེ་ཕྱག་མ་མཛད་ཆོས་མ་ཞུས། ང་སྔོན་རྒྱ་གར་ན་སློབ་གཉེར་བྱེད་ཙ་ན། ཇོ་བོ་བན་ཆུང་ཆུང་ངུ་གཅིག་འདུག ད་ལྟ་མཁས་པ་ཆེན་པོ་བྱུང་འདུག་དགོངས་ནས། འབུལ་བ་དང་བསྙེན་བཀུར་ཆེན་པོ་མཛད། དེའི་རྗེས་ནས་ཕྱག་རྩེ་སྤྲོད་མཛད། ཆོས་ཞུས་ལོ་ཙཱ་ཡང་ལོ་ཆེན་རིན་ཆེན་བཟང་པོས་མཛད་དོ།