R1186: ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད།

  • Pagination (Witness A): [-]
།བརྒྱད་སྟོང་པ་རྩ་འགྲེལ་ལ་སོགས་པ་མང་པོ་བསྒྱུར་རོ། །དབུ་མ་རྩ་འགྲེལ། གསང་འདུས་ལུགས་གཉིས་སྒྲུབ་ཐབས་མང་པོ་དང༌། བཏགས་པ་དུག་མཚོ་ཆེ་ཆུང༌། སྤྲུལ་པ་ཁྱེའུ་ཆུང་གི་ཞུ་ལན་མཐོང་བ་སྤྱན་གྱི་མེ་ལོང༌། གསོ་དཔྱད། ཆོས་སྐྱོང་མགོན་པོ་ལྕམ་སྲིང་དང༌། ནོར་ལྷའི་སྒྲུབ་ཐབས་མང་པོ་བསྒྱུར། གཞན་ཡང་གསང་སྔགས་ཀྱི་བརྡ་དང༌། སྦས་པ་དང༌། མདོ་སྡེ་དྲང་ངེས་དགོངས་པ་མ་ཤེས་པར་སྒྲའི་རྗེས་སུ་འབྲངས་ནས། སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པ་ཐབས་ཀྱི་ཚུལ་ལ་བསླབ་མི་དགོས། སེམས་ཉིད་གཅིག་པུ་རྐྱང་འདེད་ཀྱིས་སངས་རྒྱ་ཟེར་བ་དང༌། བློ་མི་སྦྱོང་བར་ཐེག་པ་ཆེན་པོ་ཡིན་ཟེར་བ་དང༌། སོ་སོ་ཐར་པའི་སྡོམ་པ་དང༌། བྱང་ཆུབ་སེམས་དཔའི་སྡོམ་པ་མེད་པར་དབང་སྐུར་དམ་ཚིག་ཐོབ་ཟེར་བ་དང༌། ཆགས་སྡང་དང་སྡིག་པ་སྣ་ཚོགས་སྤྱོད་ཅིང༌། སྒྲིབ་པ་མི་འགོས་ཟེར་བའི་ལོག་ཆོས་སྨྲ་བ་ཐམས་ཅད་ལུང་དང་རིགས་པས་ཚར་བཅད། ལྷ་བཙུན་པ་བྱང་ཆུབ་འོད་དང༌། ལྷ་བླ་མའི་ཐུགས་དགོངས་རྫོགས་པར་མཛད་དོ། །གཞན་ཡང་འགྱུར་མང་པོ་བཅོས། མང་པོ་བསྒྱུར། བསྟན་པ་ལ་ཕན་བཏགས་སོ། །ལྷ་བླ་མའི་སྐུ་ཚེ་སྨད་ལ་སྤུ་རང་པ་ཞང་ཆུང་བཙུན་གསལ་ཤེས་རབ་ལ་བཀའ་བསྒོས་ནས། ཡུལ་དབུས་ཀྱི་པཎྜི་ཏ་ཤྲཱི་བཛྲ་བོ་དྷི་དང༌། ལོ་ཙཱ་བ་གྱི་ཆོ་ཟླ་བ་འོད་ཟེར་གྱིས་དུས་འཁོར་དང༌། མ་རྒྱུད་འགའ་བསྒྱུར་རོ། །མངའ་རིས་སྟོད་དུ་ལོ་གསུམ་བཞུགས། དེ་ནས་བོད་ཀྱི་སྟོན་པ་མང་པོ་བྱོན། འབྲོམ་གྱིས་གཙོ་བྱས་གབུས་གཙང་གི་མི་ཆེ་བ་རྣམས་ཀྱིས་དབུས་སུ་བྱོན་པར་ཞུ་བ་ཕུལ། སྤུ་རང་གི་རྒྱ་ཞིང་དགོན་པོ་ལོ་ཆེན་གྱི་གནས་སུ། གསེར་སིལ་མ་ཟངས་གཞོང་གང་ཕུལ་ཏེ། མར་སྤྱན་དྲངས་ནས་བྱོན། ཇོ་བོ་དབུས་ན་བཞུགས་པའི་དུས་སུ། ལྷ་བཟོ་བ་ཁ་ཆེ་གཞོན་ནུ་ཤེས་རབ་སྐྱབས་བྱ་བ་མཁས་པ་དཔོན་གཡོག་གཉིས་བྱོན་ནོ། །ལམ་དུ་འགྲོ་བ་མང་པོ་ལ་བྱིན་རླབས་མཛད། བསམ་ཡས་སུ་ཕྱགས་ཕེབས། ཆོས་མང་པོ་གསུངས། དེ་ནས་ལྷ་ས་དང་ཡེར་པ་པར་བྱོན། སྙེ་ཐང་འོར་དུ་བཞུགས་ནས་སྐལ་ལྡན་འབྲོམ། སྟོང་ཚབ་ནམ་མཁའ། དེའི་སློབ་མ་དང༌། ཡོལ་རྡོ་རྗེ་དབང་ཕྱུག རྔོག་ལེགས་ཤེ། ཁུ་ཤེར་བརྩོན། འགར་སྟོན་དགེ་བ། ཆག་ཁྲི་མཆོག དཔལ་དགོན་པ་གོང་མ་བ། ལུང་ཨ་མེས་བྱང་ཆུབ། རྣལ་འབྱོར་པ་རྡོ་རྗེ་ཤེས་རབ། འཛེང་སྒོམ་དབང་ཕྱུག་རྒྱལ་མཚན། གཡོ་རྫོང་རྣལ་འབྱོར། ཞང་སྣ་ཆུང་སྟོན་པ་ལ་སོགས་པ་སྐལ་ལྡན་མང་པོ་སྨིན་པར་མཛད་དོ། །ཇོ་བོའི་སྲས་ཀྱི་ཐུ་བོ་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས། དེའི་སློབ་མ་རིན་པོ་ཆེ་སྐུ་མཆེད་གསུམ་ལ་སོགས་སོ། །དགེ་བཤེས་བློ་ཆུང་ཕུལ་བྱུང་པས་སློབ་བུ་མ་བསྟེན་པར་སྒྲུབ་པ་ཁོ་ན་མཛད་དོ། །པོ་ཏོ་བ་དང༌། སྤྱན་སྔ་རིན་ཆེན་གཉིས་ལས། སློབ་བུ་སོ་སོར་བྱུུང་བ་ལ། བཀའ་གདམས་གཞུང་པ་བ་དང༌། མན་ངག་པ་གཉིས་སུ་གྲགས་སོ། །དེ་གཉིས་ལས་མཆེད་པ་དགེ་བའི་བཤེས་གཉེན་ངོ་མཚར་ཅན་མང་པོ་བྱུང་ངོ༌། །ཁམས་པ་ལུང་པ་དང༌། གླང་རི་ཐང་པ་དང༌། རྒྱ་ལྕགས་རི་གོང་ཁ་བ་དང༌། ཤ་ར་བ་དང༌། ཤ་པོ་སྒང་པ་དང༌། བྲག་བརྒྱབ་པ་དང༌། ནམ་འབར་བ་དང༌། ཇ་ཡུལ་བ་དང༌། སྣེ་ཟུར་བ་དང༌། ཀ་མ་པ་དང༌། མཐའ་བཞི་བརྩོན་འབར་བ་དང༌། སྟོད་ལུང་པ་རིན་ཆེན་སྙིང་པོ་དང༌། རིན་ཆེན་སྒང་པ་སོགས་དབུས་སུ་མང་པོ་བྱོན། གཙང་དུ་ཡང༌། ཡུལ་ལ་བ་དང༌། རམ་སྡིངས་མ་བ་དང༌། ཆུ་མིག་པ་དང༌། སྣར་ཐང་པ་དང༌། རྗེ་ལུང་པ་དང༌། དོན་མོ་རི་བ་དང༌། དེ་རྣམས་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་བྱུང་ངོ༌། །ཇོ་བོ་དབུས་སུ་བཞུགས་པའི་དུས་སུ་མངའ་རིས་པའི་ལོ་ཙཱ་བ་ཏིང་འཛིན་བཟང་པོ། རྒྱ་གར་ཁ་ཆེར་འཁྲུངས་པ། རབ་ཏུ་སྦྱངས་པ། ཡུལ་མ་ག་དྷར་མཁས་པར་གྲགས་པ་པཎྜི་ཏ་ཙན་དྷ་ར་ཧུ་ལ་ཆེན་པོ་སྤྱན་དྲངས་ནས། རྟོག་གེ་རིག་པ་ཚང་མའི་བསྟན་བཅོས་ཕྱོགས་གླང་གི་མཛད་པ་ཀུན་ལས་བསྡུས་པ་དང༌། དེའི་དོན་གྱི་འགྲེལ་པ། ཆོས་ཀྱི་གྲགས་པས་མཛད་པའི་སྡེ་བདུན་བསྒྱུར་རོ། །དགེ་བཤེས་མཐའ་དགེ་མཐོང་ལ་སོགས་པ་རྣམས་ཀྱིས་ཤེས་རབ་རྒྱས་པར་མཛད་དོ། །དེའི་དུས་སུ་རྒྱ་གར་ཁ་ཆེ་ཛི་ན་མི་ཏྲ་ཡང༌། ལོ་ཙ་བ་ཟུ་དགའི་རྡོ་རྗེས་སྤྱན་དྲངས་ནས། ཁྱུང་པོ་གྲགས་སེ་དང༌།