R1186: ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད།

  • Pagination (Witness A): [-]
འབྲོམ་སྟོན་རྡོ་རྗེ་རིན་ཆེན་དང༌། དྭགས་པོ་དབང་རྒྱལ་ལ་སོགས་པ་ཆོས་ཉན་པའི་དུས། རྔོག་ལེགས་པའི་སེས་རབ་ཀྱི་ཚ་བོ་རྔོག་བློ་ལྡན་ཤེས་རབ་ཀྱིས་མངའ་བདག་རྩེ་ལྡེའི་དྲུང་དུ་ཕྱིན་ནས་པཎྜི་ཏ་སུརྱ་ཤྲཱི་སྤྱན་དྲངས། བདག་ཁ་ཆེར་འགྲོ་བར་ཞུ་ཞུས་པས། མངའ་བདག་གི་ཞལ་ནས་པཎྜི་ཏ་མཁས་པ་འདི་རྣམས་ལ་ཆོས་ཉོན་གསུངས་པས། ཅིས་ཀྱང་ཁ་ཆེར་འགྲོ་བ་ཞུ་ཟེར་ཏེ་མ་ཉན། གསེར་བརྫངས་ཏེ་བཏང༌། ཁ་ཆེར་བརྟོལ་ཙ་ན། རྒྱལ་པོ་དང་ཡུལ་མི་ཀུན་ན་རེ། པཎྜི་ཏ་མཁས་པ་ཀུན་བོད་ཡུལ་དུ་བཞུད། ཁྱེད་ཅི་བྱེད་ཟེར་ནས། པཎྜི་ཏ་གཞན་མེད་དམ་དྲིས་པས། འབྲིང་པོ་འདྲ་ཡོད་ཟེར་བས། སྐལ་ལྡན་རྒྱལ་པོ་ལ་ཚད་མ་རྒྱན་བསླབས། དེས་ཀྱང་མ་ཆོག་སྟེ། པཎྜི་ཏ་གོ་མི་འཆི་ལ་བྱམས་པའི་ཆོས་ལྔ་ཆ་ལག་དང་བཅས་པ་དང༌། བྱམས་པ། ཐོགས་མེད། དབྱིག་གཉེན། དུལ་བའི་སྡེ། མཆོག་གི་སྡེ། རྣམ་པར་སྣང་མཛད་ལས། སེང་གེ་བཟང་པོའི་འགྲེལ་ཆུང་དང༌། སྤྱོད་ཕྱོགས་ལ་སོགས་པ་དང༌། གཞན་ཡང་ཕྲ་མོ་མང་པོ་ལ་སྦྱངས། འབུམ་ཕྲག་གསུམ་པ་ལས་རྣམ་ངེས་ལ་སོགས་པའི་ཚད་མ་རྣམས་བསླབས། འབུམ་ཕྲག་གསུམ་པ་བོད་དུ་སྤྱན་དྲངས་ནས་བྱོན། རྩེ་ལྡེའི་སྲས་དབང་ལྡེས་འགྱུར་གྱི་ཡོན་བདག་བྱས་ཏེ་ཆོས་རྣམས་བསྒྱུར་རོ། །མར་བྱོན་གཙང་དུ། ཨར་བྱང་ཆུབ་ཡེ་ཤེས་ལ་སོགས་པ་མང་དུ་འཕེལ་ལོ། །པཎྜི་ཏ་དང་གངས་པ་ཤེའུ་བློ་གནས་འགྲན་པ་ཡང་མཛད་དོ། །པཎྜི་ཏ་ཡང་མཉེས་ནས་བོད་བཟང་ཟེར། འབྲོ་ཤེས་རབ་འབར། འདུལ་དཀར་གཞོན་ནུ་ཚུལ་ཁྲིམས། སེ་དམར་བ་དང༌། འབྲེ་མགུར་བ་ལ་སོགས་པ་བྱུང༌། དེའི་དུས་སུ་རྔོག་གི་འགྱུར་བཞུགས་ཙ་ན་དབུ་མའི་བསྟན་བཅོས་ནི། ཀ་ཅོག་རྣམ་གཉིས་དུས་ཀྱི་བཀའ་ནི་ཆད། སྔར་ཚད་མ་ལྷའི་ཞོར་ལ་བྱུང་བའི་རང་རྒྱུད་ཤར་གསུམ་ལ་སོགས་པ་ཡོད་ཀྱང༌། དོན་གྱི་དེ་ཁོ་ན་ཉིད་མ་ཤེས་པས། ལོ་ཙཱ་བ་པ་ཚབ་པ་ཉི་མ་གྲགས་ཀྱིས་ཁ་ཆེར་ལོ་ཉི་ཤུ་རྩ་གསུམ་སྦྱངས་ཏེ། པཎྜི་ཏ་མཆོག་ཏུ་མཁས་པ་ཤི་ན་ཀ་ཝརྨ་ཞེས་བྱ་བ་སྤྱན་དྲངས་ཏེ། དབུ་མ་རིག་པའི་ཚོགས་དང༌། དེའི་འགྲེལ་པ་རྣམས་དང༌། རྒྱལ་པོ་ལ་གདམས་པ་གཉིས་དང༌། ཟླ་བ་གྲགས་པའི་བཞེད་པ་རབ་ཏུ་རྒྱས་པ་ཚིག་གསལ་དང༌། སྟོད་སྐོར་གདམས་དང༌། བསྟན་བཅོས་ཕྲ་མོ་མང་པོ་བསྒྱུར་རོ། །པ་ཚབ་ཀྱི་སློབ་མ་དར་མ་ཡོན་ཏན་གྲགས། དེའི་སློབ་མ་ཕ་བོང་ཁ་པ། དེའི་སློབ་མ་རྨ་བྱ་བྱང་བརྩོན་ནོ། །དེས་ཀུན་ཏུ་དར་བར་བྱས་སོ། །དེ་ནས་དེ་རྣམས་ཀྱི་བར་སྐབས་སུ་ཞང་ཞུང་པ་རྒྱལ་བ་ཤེས་རབ་ཀྱིས་པཎྜི་ཏ་པྲ་ཛྙཱ་པ་ལ་སྡོམ་པ་བླངས་ནས། དེ་ནས་བལ་པོར་བྱོན་ནས། བྲམ་ཟེ་འདུལ་འཛིན་པྲེ་ཏ་ཀ་ལ་འདུལ་བ་ལག་ལེན་ཞུས། ཕྱིས་བོད་དུ་ཁ་ཆེའི་མཁན་པོ་ཛྙཱ་ན་ཤྲཱི་ལ་ལུང་དང༌། སོ་སོ་ཐར་པ་དང༌། འགྲེལ་པ་འདུལ་བ་བསྡུས་པ་གསན། ཁ་ཆེའི་པཎྜི་ཏ་ཆེན་པོ་བྷུ་དྷ་ཤན་ཏི་བ་ལ། དགེ་འུ་ལོ་ཙཱ་བས་བསྒྱུར་ནས་སུམ་བརྒྱ་པ་རྩ་འགྲེལ་གསན། ལོ་ཙཱ་བ་གཞོན་ནུ་མཆོག་གིས་སྤྱན་དྲངས་པའི་པཎྜི་ཏ་ཡ་ཐང་ཧེ་ཧ་ར་ལ་བསླབ་པའི་གཞི་མདོ་རྩ་གསན། དེ་ལྟར་ཡས་མས་སུ་ཁྱུང་པོ་སྐྱོང་ལ་སོགས་པ་རབ་ཏུ་བྱུང་ནས། དེའི་སློབ་མ་སྨོན་འགྲོ་འདུལ་འཛིན། དེའི་སློབ་མ་ཧུ་བེར་རྒྱལ་བའི་ཤེས་རབ། ཚུལ་ཁྲིམས་བློ་གྲོས་དཔལ་འབྱོར་ཞིང་མོ་བྱ་བ། བྱང་ཆུབ་སེམས་དཔའ་ཟླ་བ་རྒྱལ་མཚན་ལ་སོགས་སུ་འཕེལ། འདུལ་བ་སྟོད་ལུགས་ཞེས་གྲགས། ཆོས་མངོན་པ་མཛོད་ནི། སྔོན་ཀ་ཅོག་ཞང་གསུམ་ནས་བརྒྱུད་པ་བར་སྐབས་སུ་སྟོངས་པ་ལ། དུས་ཕྱིས་སྨྲི་ཏིས་འགྱུར་གསར་མཛད་དེ་ནས་ཐོག་མའི་བཤད་པ་རྣམས་མཆིམས་རྒྱུད་ཀྱིས་དར་བར་མཛད། དགེ་བའི་བཤེས་གཉེན་བསྟེན། མཆིམས་བརྩོན་འགྲུས་བླ་མ། དེའི་སྲས་རྒྱལ་མཚན། དེའི་སྲས་སྒོམ་པ། དེའི་སྲས་དོན་གྲུབ་རྒྱལ། དེའི་སྲས་རིག་འཛིན། དེ་ལ་སྲས་བཞི་ནི་བརྩོན་འགྲུས་སེང་གེ། ཆོས་ཀྱི་སེང་གེ། ཆོ་ག ཞང་བཙུན་ནོ། །དེའི་སྲས་བློ་གྲོས་སེང་གེའོ། །མངོན་པ་ཀུན་ལས་བཏུས་ནི་གླང་དར་གྱི་དུས་སུ་བསྐུངས་ནས་བཞུགས་སོ། །བྱམས་པ། ཐོགས་མེད། དབྱིག་གཉེན། བློ་བརྟན། གང་བ་སྤེལ། ཛི་ན་མི་ཏྲ། ཤི་ལེན་དྲ་བོ་དྷི། ཅོག་རོ་ཀླུའི་རྒྱལ་མཚན། ཀ་བ་དཔལ་བརྩེགས། སྣ་ནམ་གྱི་བན་དེ་ཡེ་ཤེས་སྡེ།