R1186: ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད།

  • Pagination (Witness A): [-]
འཁོར་ངན་པ་ཇི་ལྟར་ཡིན། ངའི་ཕ་སུ་ཡིན་ཟེར་བ་དང༌། ཁྱེད་ཕས་ལྟས་ངན་དུ་བྱས་ནས་གསོད་ཟེར། བློན་པོ་རྣམས་ཀྱིས་མ་བསད་པར་ཆུར་བོར་བ་ཡིན་པས་ངེད་རྣམས་ཀྱིས་རྙེད་པའི་གཏམ་རྒྱུད་བཤད་པས། ཡིད་མ་དགའ་ནས་གངས་ཀྱི་སྤྲགས་དུ་དབྲག་ཏུ་བྲོས་པས། བྱང་ཕྱོགས་ཐམས་ཅད་ཀྱི་རི། ལྷ་རི་གྱང་མཐོའི་ཁར་བྱུང༌། དེ་ནས་བལྟས་པས་ཁ་བ་ཅན་གྱི་རྒྱལ་ཁམས་ཀྱི་དབུས་ན་ཡུལ་ཡར་མོ་སྣ་བཞི། ལྷ་ཡར་ལྷ་ཤམ་པོ་མཐོང་ནས། བསོད་ནམས་འོད་ཀྱིས་དམུ་སྐས་ལ་བབས་ཏེ། ལྷ་རི་ཡོལ་བའི་རོལ་པོའི་ཁར་བྱོན་ནོ། །དེ་ནས་བཙན་ཐང་སྒོ་བཞིར་བྱོན་པས། དེའི་དུས་སུ་བོད་འདིར་སྤྲེའུའི་རྒྱུད་རྣམས་བདུད་དང༌། གནོད་སྦྱིན་ལ་སོགས་པ་མངའ་མདད་རིམ་པ་བདུན་གྱི་ཐ་མ་ལ། རྒྱལ་སིལ་བུའམ་བཅུ་གཉིས་རྒྱལ་ཕྲན་མོ་ངན་ལ་སོགས་པས་དབང་བྱས་ནས། གཅིག་ཟེར་ལ་གཅིག་མི་ཉན་ཏེ། མ་འཆམས་པས་དབངས་རྣམས་མནར་ནས་བརྡུངས་གདུངས་པ་ལ། འགམ་ལྷའི་སྲས། དམུ་བོན་པོ་དང༌། ཅོ་ལ་བོན་པོ་དང༌། ཞང་ཞུང་བོན་པོ་དང༌། འཚེ་མི་བོན་པོ་དང༌། ཟེ་བ་བོན་པོ་དང༌། ཟིངས་པ་བོན་པོ་དང༌། ཤེས་པ་མཁན་བཅུ་གཉིས་ཕྱུགས་སྐྱོང་བའི་སར་བྱོན་པ་དང༌། དེ་དག་གིས་མཐར་སྒམ་གྱིས་ཁྱེའུ་སུ་ཡིན་བྱས་པས། བཙན་པོ་ཡིན་ཟེར། གང་ནས་འོངས་དྲིས་པས། མཛུབ་མོ་གནམ་དུ་བསྒྲེངས། དེའི་རྒྱ་གར་གྱི་སྐད་པ་ར་པི་ར་མ་གོ་ནས། འདི་ནི་གནམ་ནས་བྱོན་པའི་ལྷ། མི་རྗེ་ངོ་མཚར་ཅན་ཞིག་འདུག་པས་འདི་ཁྱིམ་གྱི་མི་རྣམས་ལ་སྟོན་ནོ་ཟེར་ཏེ། ཤིང་ལ་ཁྲི་བྱས་མིའི་གཉའ་བ་ལ་ཁུར་ནས་གྲོང་ཁྱེར་གྱི་མི་རྣམས་ལ་བསྟན་པས། འདི་ནི་གནམ་ལས་བྱོན་པའི་བཙན་པོ་ངོ་མཚར་ཅན་ཞིག་འདུག་པས། འོ་ཅག་རྣམས་ཀྱི་ཇོ་བོ་བྱའོ་ཟེར་ཏེ། བོན་པོ་རྣམས་ན་རེ། གནམ་གུང་ནས་ས་དོག་པོ་ལ་སྙེགས་པའི་རྒྱལ་པོ་ས་ཐམས་ཅད་ལ་དབང་བ་ཡིན་ཟེར། མིང་ཡང་གཉའ་ཁྲི་བཙན་པོ་བྱ་བར་གྲགས་སོ། །སངས་རྒྱས་ཤཱཀྱ་ཐུབ་པ་མྱ་ངན་ལས་འདས་ནས་མི་ལོ་སྟོང་ལྷག་ན་བྱོན་ཏེ། བོད་ཀྱི་རྒྱལ་པོ་ལ་སྔ་བ་རྗེ་གཉའ་ཁྲི་བཙན་པོ་ཡིན་ཏེ། དེའི་སྐུ་རིང་ལ། གཏམ་རྒྱུད་དང༌། སྒྲུང་རྒྱུད་དང༌། སྡེབ་སྦྱོར་དང༌། བཀའི་ཀུགས་དང༌། བྲོ་གར་དང༌། གླུ་གཞས་དང༌། ཤོན་རྩེད་དང༌། རྩེད་འཇོ་ལ་སོགས་པ་བྱུང་བ་ཡིན་ནོ། །རྒྱལ་པོའི་རིམ་གྲོ་པ་ནི། བོན་པོ་ཅོ་ན་གཤེན་གྱི་ཕྱག་གར་ཚ་དང༌། འཚེ་མི་གཤེན་བུ་རྒྱལ་ཚ་གཉིས་ཀྱིས་སྐུ་བསྲུངས་སོ། །དེའི་སྲས་དིང་ཁྲི་བཙན་པོ། དེའི་དུས་སུ་ཞང་ཞུང་གི་གཤེན་པོ་ཀུན་འདུས་ཐེག་ཆེན་གྱི་སྐུ་བསྲུངས་སོ། །དེའི་སྲས་མུ་ཁྲི་བཙན་པོ། བོན་པོ་གཤེན་པོ་ཚེ་རྒྱལ་གྱིས་སྐུ་བསྲུངས་སོ། །དེའི་སྲས་སྲིབས་བཙན་པོ། ཞང་ཞུང་གཤེན་པོ་ཀུན་རིགས་རྒྱལ་པོས་སྐུ་བསྲུངས་སོ། །དེའི་སྲས་ཡེ་ཤེས་ཁྲི་པོ། བོན་པོ་གཡུང་དྲུང་རྒྱལ་པོས་སྐུ་བསྲུངས་སོ། །དེའི་སྲས་གཉའ་ཁྲི་བཙན་པོ། བོན་པོ་ཀུན་རྟོགས་རྒྱལ་པོ་ཡིས་སྐུ་བསྲུངས་སོ། །དེའི་སྲས་ཁྲི་པན་བཙན་པོ། བོན་པོ་མུ་ལ་ཁ་འབྲས་ཀྱིས་སྐུ་བསྲུངས་སོ། །དེའི་སྲས་སྲིབས་ཁྲི་བཙན་པོ། བོན་པོ་ཞང་ཞུང་ལྷ་འདོ་ཀྱིས་སྐུ་བསྲུངས་སོ། །དེ་ཡན་ཆོད་བརླབས་པ་མ་ཡིན་ཏེ། གནམ་བོན་དང་གཤེད་ལྷ་འདྲེས་བསྟན་པ་ཡིན་སྐད། བཙན་པོ་དེ་བདུན་ལ་གནམ་གྱི་ཁྲི་བདུན་ཟེར་བ་ཡིན་ནོ། །དེ་རྣམས་ཀྱི་དབུ་ལ་ལྷ་ཐག་ཡོད་པ་ཡིན་པས་སྲས་རྒྱལ་སར་ཚུད་པ་དང་ཆིབས་ཁར་བྱོན་ཙ་ན། ཡབ་འོད་ཀྱི་ནམ་མཁའ་ལ་སྐུ་འཇའ་ཚོན་བཞིན་ཡལ་བར་གྱུར། །དེ་ནས་སྲིབས་ཁྲིའི་སྲས་གནམ་ཕྲུ་བོ་གཞུང་བཙན་ལྷའི་སྐུ་རིང་ལ་གནམ་གྱི་རྡོར་བོན་བྱུང་སྟེ་ཨུ་རྒྱན་གྱི་ཚུ་རོལ། ཁ་ཆེའི་ཡུལ་གྱི་ཕ་རོལ་སྟག་གཟིག་གི་བར་ན་ཡུལ་འགྱུར་སྣང་བར་སྣང་བྱ་བ་རུ་ས་ཞའི་བོན་པོ། མུ་སྟེགས་ཉི་ཚེ་བའི་སྟོན་པ། སྟོང་པ་དོན་དམ་དུ་འདོད་པ་དང་ལྟ་བ་མཐུན་པ་གཅིག་བྱུང༌། དེས་འཇིག་རྟེན་པའི་ལྷ་འདྲེ་ཀུན་གྱི་སྲོག་སྙིང་ནས་འདྲེན་ནུས་པ། མི་དང་ལྷ་སྲིན་དུ་དམངས་སྡུམ་ཤེས་པས་ཀུན་རྫོབ་ཏུ་ཐམས་ཅད་སྒོ་ང་ལས་སྐྱེས་པར་འདོད་པས་སྔ་རྟགས་དང༌། ཕྱི་རྟགས་དང༌། ད་ལྟ་ཇི་ལྟར་ཡིན་པ་རྣམས་ཐོལ་ཐོལ་དུ་སྨྲ་ཤེས་པ། ལྟོ་ཁུ་ལྟོ་ནག་བྱ་བ་གཅིག་ལྷུ་དང་རྡུམས་དུ་འབྲེལ་པ།