དཀར་མོ་གཅིག་རྨི་ལམ་དུ་བྱུང་གསུངས་ནས་རྗེ་ལྷ་གཅིག་ཀྱང་ནར་སོང་འདུག་པས་འོ་སྐོལ་ལྷ་གཅིག་མོ་དེ་གཉིས་སྤྱན་དྲངས་ཞེས་པ་དང༌། དེ་ལ་བློ་མཐུན་པར་བློན་པོ་རྣམས་ན་རེ་དེ་ཤིན་ཏུ་ལེགས་སོ། །བློན་པོ་ཆེན་པོས་རྗེ་ལ་དེ་སྐད་ཞུས་ཤིག་ཅེས་ནས། བློན་པོ་མགར་སྟོང་བཙན་གྱིས་ཤ་དེ་རྒྱལ་པོ་ལ་དྲངས་ལེགས་པ་དང་ཤིས་པ་བརྗོད། རྨི་ལམ་གྱི་བུ་མོ་དེ་གཉིས་སྤྱན་དྲངས་པར་འཚལ་ན་དེ་ལེན་པའི་ཐབས་ཇི་ལྟར་བགྱི་ཞེས་ཞུས་པ་དང༌། རྒྱལ་པོའི་ཞལ་ནས་འོ་ན་དེ་ལེགས་སོ། །དང་པོ་ནུབ་ཕྱོགས་ཀྱི་བུ་མོ་སྤྱན་དྲོངས་ཤིག དེ་སྟོན་ཟླ་ར་བའི་ཚེས་བརྒྱད་ཀྱི་སྐར་མ་ནབས་སོའི་རྗེས་ལ་རྒྱལ་གྱི་ཉི་མ་རི་རྩེ་ལ་མ་ཤར་བ། བྱ་ཐི་བའི་སྐད་ཀྱིས་མནོན་པའི་དུས་སུ་རྟ་པ་བརྒྱ་ཐམ་པ་ཆས་ལས་སོང་ཞིག གསེར་གྱི་དོང་རྩེ་བརྒྱ་པོ་འདི་འཁྱེར་ལ། བལ་པོའི་རྒྱལ་པོ་ལ་ཕྱག་རྟེན་གྱི་ཤིག་གསེར་བང་བ་བདུན་པོ་འདི་འཁྱེར་ལས་ཞུ་རྟེན་གྱི་ཤིག གསེར་གྱི་དྲ་བ་ལ་ལྷའི་རིན་པོ་ཆེ་སྣ་ཚོགས་ཀྱི་ཕྲ་བཏབ་པ་གླང་པོ་ཆེ་གཡོགས་པ་འདི་ཕུལ་ལ་ཞུ་རྟེན་གྱིས་ལ་ལྷ་གཅིག་ཞུས་ཤིག་གསུངས་ནས་བཏང་བས། དེ་ཙ་ན་བལ་པོའི་རྒྱལ་པོ་ཁྲོས་ནས་མཐའ་འཁོབ་ཀྱི་རྒྱལ་པོས་ང་ལ་བརྙས་རེ་ཆེ་ན། གཉེན་བྱ་བ་མཉམ་པོ་ལ་འདོམས་པ་ལ་ཁྱོད་པས་ང་བཟང༌། ང་ལ་ཆོས་ཡོད་དེ་ཁྱོད་ལ་མེད། ཁྱོད་ཀྱིས་གཙུག་ལག་ཁང་དང་དཀོན་མཆོག་གསུམ་གྱི་རྟེན་བཞེངས་ནུས་ན་ངའི་བུ་མོ་སྟེར། དེ་མི་ནུས་ན་མི་སྟེར། དེའི་ལན་ཁྱེར་ལ་ཤོག་ཟེར་ཡོང༌། དེ་ཙ་ན་སྒྲོམ་བུ་འདི་ཕུལ་ཅིག དེ་ནས་ངེད་ལ་ཆོས་ལ་བརྟེན་པའི་རྒྱལ་ཁྲིམས་ཡོད་དེ་ཁྱོད་ལ་ཁྲིམས་མེད། ཁྲིམས་འཆའ་ནུས་ན་བུ་མོ་སྟེར། མི་ནུས་ན་བུ་མོ་མི་སྟེར་ཟེར་ཡོང་བས་དེ་ཙ་ན་སྒྲོམ་བུ་འདི་ཕྱག་རྟེན་དུ་ཕུལ་ཅིག དེ་ནས་ཡང་ཁྱོད་དང་ང་གཉིས་མི་མཉམ། ཁྱོད་མཐའ་འཁོབ་ཀྱི་རྒྱལ་པོ་ལ་ཟས་ནོར་ལོངས་སྤྱོད་མེད་དེ་དབུལ། ང་ལ་སངས་རྒྱས་འོད་སྲུངས་ཀྱི་རིང་ནས་དེང་སང་བར་དུ་ཐབ་ཀྱི་དུ་བ་རྒྱུན་མི་འཆད། ནོར་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཡོད་དེ་ཁྱེད་ལ་མེད་པས་བུ་མོ་མི་སྟེར་ཟེར་ཡོང༌། དེ་ཙ་ན་ཟངས་ཀྱི་སྒྲོམ་བུ་འདི་ཕུལ་ཅིག འདི་རྣམས་ཕུལ་ལ་ཕར་ལམ་དང་ཚུར་ལམ་ལ་ཇོ་མོ་ཁྲོ་གཉེར་ཅན་ལ་གསོལ་བ་ཐོབ་ཅིག དེའི་མཚན་ནས་བརྗོད་ལ་སོང་ཞིག་དེར་ལྷ་གཅིག་སྤྱན་དྲངས་ནས་འོང་གི་གསུངས་ནས་ཐབས་བསླབས་ནས་གཏང་ངོ༌། །དེར་རྟ་པ་བརྒྱ་ཐམ་པས་བལ་ཡུལ་དུ་ཕྱིན་ནས་འཕྲིན་པ་ལ་དོང་རྩེ་རྔན་པར་བྱིན་ཏེ། རྒྱལ་པོ་དང་མཇལ་བར་ཞུ་ཞེས་ཕྱག་བྱས་པས། རྒྱལ་པོ་དང་ཞག་བདུན་དུ་མ་མཇལ། དེ་ནས་རྒྱལ་པོ་དང་མཇལ་བའི་ཚེ་བློན་པོ་མགར་གྱི་སྣ་དྲངས་ནས་ཕྱག་གྲལ་བྱས་ཏེ་ཞེ་ས་རྫོགས་པ་དང༌། རྒྱལ་པོ་ན་རེ། ཁྱེད་རྣམས་རྟགས་དང་དཔའ་ལུགས་སམ།
༼ཅན།༽
སུ་ཡིན་གང་ནས་ཡོང་གསུངས། བློན་པོ་རྣམས་ཀྱིས་ལོ་ཙཱ་བ་བར་དུ་བཅུག་ནས་ཞུས་པ། ངེད་མཐའ་འཁོབ་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོའི་ཕོ་ཉ་བ་ལགས་ཏེ་གསེར་གྱི་དོང་རྩེ་བརྒྱ་ཐམ་པ་ཕྱག་རྟེན་བྱས། གསེར་གྱི་བང་བ་རྣམས་ཞུ་རྟེན་དུ་ཕུལ་ནས། དེར་རྒྱལ་པོས་ཁྱེད་ཅི་བྱེད་གསུངས་པ་ལ། བློན་པོས་ཞུས་པ། ངེད་ཀྱི་རྒྱལ་པོ་ལ་བཙུན་མོ་མེད་པས་ཁྱེད་བལ་པོའི་རྒྱལ་པོ་ལ་གནེན་འདོགས། ལྷ་གཅིག་ཁྲི་བཙུན་འདི་རྒྱལ་པོ་སྲོང་བཙན་སྒམ་པོས་གཟིགས་པས་བཙུན་མོར་ཞུ་འཚལ་ཞེས་ཞུས་ནས། དེ་ནས་དྲ་བ་དྲ་ཕྱེད་གློང་པོ་ཆེ་ཁེབས་པ་དེ་ཡང་རྒྱལ་པོའི་སྤྱན་སྔར་བཞག དེར་དྲ་བ་དྲ་ཕྱེད་འདི་ཡོན་ཏན་དུ་མ་དང་ལྡན་ཏེ་མི་ནད་དང་ཕྱུགས་ནད་བྱུང་བའི་ཚེ་འདི་གོན་ནས་གྲོང་ཁྱེར་གྱི་མཐའ་བསྐོར་བས་ནད་ཆད་ནུས། སད་དང་སེར་བ་བྱུང་དུ་དོགས་པའི་ཚེ་འདི་གོན་ནས་གྲོང་ཁྱེར་གྱི་མཐའ་བསྐོར་ན་དེ་དག་མི་འབྱུང་བར་འགྱུར། གཡུལ་དུ་ཞུགས་པའི་ཚེ་འདི་གོན་པས་གཡུལ་ལས་རྒྱལ་ནུས་སོ། །དེ་ལྟར་ངོ་མཚར་ཆེ་ཞིང་འཛམ་བུའི་གླིང་འདི་ན་འདི་ལ་གོང་ཐང་གདབ་ཏུ་མི་བཏུབ་པས་འདི་ཡང་རིན་དུ་འབུལ་བས། ལྷ་གཅིག་གནང་བར་ཞུ་ཞུས་པས། བལ་པོ་ཡི་རྒྱལ་པོས་ཁྲེལ་དགོད་བྱས་ཏེ། རྒྱལ་པོ་ན་རེ། ཨ་པ་བརྙས་པ་རེ་ཆེ། གཉེན་བྱ་བ་མཉམ་པོ་ལ་འདོགས་པ་ཡིན་པས་ཁྱེད་བས་ང་བཟང༌།