[A:248]ལྡན་རྣམས་ཀྱིས་མངོན་དུ་གྱུར་པ་ལགས་མོད། གཞན་ཡང་རྣོར་གྱི་དབང་ཕྱུག་དགེ་སྦྱོང་ཆེན་པོ་དེ་ཡིས། ཕྱི་གཟུང་ཡུལ་གྱི་བདེན་དངོས་ཞིག་ཅིང་། ནང་འཛིན་སེམས་ཀྱི་རྟོག་པ་ཕེལ་བའི་ཕྱིར། མི་དང་མི་མ་ཡིན་པའི་གནས་རྣམས་སུ། བརྟུལ་ཤུགས་ཀྱི་སྤྱོད་པ་མང་དུ་མཛད་པ་དག་ནི། བློ་དམན་པ་རྣམས་ཀྱིས་རྟོགས་པར་དཀའ་བའི་ཕྱིར་འདིར་བརྗོད་པར་མ་བགྱིས་སོ། འགྲོ་བའི་མགོན་པོ་དགེ་སྦྱོང་ཆེན་པོ་དེ་ཉིད་ཀྱིས་གཞན་དོན་མཛད་པའི་ཚུལ་ནི། ཕ་རྒྱུད་མ་རྒྱུད་གཉིས་སུ་མེད་པའི་རྒྱུད་ཀྱི་དབང་གིས་གདུལ་བྱ་སྨིན་པར་མཛད་ཅིང་། ཕྱི་དྲང་དོན་བསྐྱེད་རྫོགས་གཉིས་དང་། ནང་ངེས་དོན་བསྐྱེད་རྫོགས་ཟུང་འཇུག་སྦྱོར་བ་ཡན་ལག་དྲུག་པའི་ཁྲིད་མཛད་ནས། ཀུན་རྫོབ་ལྷ་མིའི་དཔལ་འབྱོར་དང་། དོན་དམ་ཟུང་འཇུག་ཏིང་ངེ་འཛིན་གསུམ་གྱིས། ཞག་གཅིག ། ཟླ་གཅིག ། ལོ་ཅིག ། ཚེ་ཅིག་གིས་མཆོག་གི་དངོས་གྲུབ་ལ་སྦྱོར་བར་མཛད་དོ། སྐྱེས་བུ་གསང་སྔགས་འཛིན་པ་རྣམས་ཀྱི་ཐུགས་ལ་གསལ་བ་ལགས་སོ། དེ་ནས་སྐུ་གཤེགས་པར་དགོངས་ཏེ། གོང་མའི་མཇལ་ཕྲད་དང་། གདུལ་བྱ་རྣམས་ལ་དབང་དང་། ཆོས་ཀྱི་སྦྱིན་པ་དང་། ཆོས་བཞིན་དུ་གྱིས་ཤིག་པའི་ཞལ་ཆེམ་གནང་ནས། སྐུ་བཞིའི་ངང་དུ་གཤེགས་པའི་ཚུལ་དང་། རྗེས་ཀྱི་ཕྲིས་རྣམས་ནི། ཐམས་ཅད་ཀྱི་མངོན་དུ་གྱུར་པའི་ཕྱིར་འདིར་མ་བརྗོད་དོ། སྟོན་མཆོག་སྟུག་པོའི་ཞིང་དུ་བཞུགས་པ་ཡིད། བླ་མ་དེ་