[A:237]གཉེར་པ་དང་། གཟིམ་གཡོག་པ་བཞིའི་ཡ་གཅིག་ལ་བཞག་གོ ། དེའི་དུས་སུ་ཉེ་གནས་བསྒྲེས་པ་འགའ་ཞིག་དང་ཁོང་པ་བརྩོད་པ་ཤོར་ནས། ཁོང་པས་བསྒྲེས་པ་ཀུན་ལ་ཕྱག་ཕབ་ནས། བརྟུལ་ཤུགས་ཀྱིས་ཅུང་ཟད་ཚར་གཅད་པ་ལ་བརྟེན་ནས། བླ་མས་ཅུང་ཟད་མ་མཉེས་པའི་ཚུལ་བསྟན། དེ་ལ་ང་བདེན་པ་ལ་སྙམ་ནས། ཉིན་ཅིག་གཟིམ་ཁང་གི་སྒོ་དྲག་ཏུ་ཕུལ་ནས་ཕྱིན་པས། དྲུང་པ་ཅིག་ཡུར་བཞུགས་པ་དང་ཐུག་ནས། བླ་མ་དམ་པའི་གསུང་གིས། ཁྱོད་ལ་ངས་ཇི་ཙམ་བསླབ་ཀྱང་མི་ཉན་པ་གསུང་ནས། ཕྱག་མཁར་གྱིས་ལེགས་པར་བརྡུངས། དཔོན་སློབ་གཉིས་ལས་མེད་པས་ཤུག་མཁན་ཀྱང་མ་བྱུང་། ལུས་ཐམས་ཅད་ལ་བསྣུན་པས་ཟུག་ཀྱང་ཤིན་ཏུ་ཆེ་བར་བྱུང་གསུང་། ཐུགས་ཚིམ་ནས་གཟིམ་ཁང་དུ་གཤེགས་པ་ལ། སྐུ་མཉེལ་ཏེ། ཐེམ་པ་ལ་ཁྱ་གཉིས་བརྟེན་ཏེ་བཞུགས་གདའ་བ་ལ། ཕྱག་ནས་བཟུང་ཏེ་གོ་ལེ་གདན་དྲངས་ནས། ཁྲི་ལ་བཞུགས་པར་ཞུས། ན་བཟའ་རྣམས་ལེགས་པར་གསོལ་ནས། ཁོང་པ་རང་ཕྱིར་བྱོན་ནས་ཀ་དྲུག་མར་ཉལ་བསྡད་པས། གྲོ་བར་གྱི་དུས་སུ་གསོལ་ཇ་བ་ལ་ཕྱི་ན་སུ་འདུག་གསུང་། ཀུན་དགའ་རྒྱལ་ཉལ་གདའ་ཞུས་པས། ཁོ་བོས་གསུངས་ནས། དྲུང་དུ་ཕྱིན་པས་གསོལ་རས་གནང་ནས། ཁྱོད་ངས་བརྡུངས་པ་ལ་མི་འཁྲོ་བ་དེ་བཟང་། དགེ་སྦྱོང་གི་ཚུལ་དེ་ལྟར་