[A:238]ཡིན་གསུང་ནས། དགེ་སྦྱོང་ཞེས་མཚན་བཏགས། ཤིན་ཏུ་མཉེས་པར་གྱུར་ཏེ། ད་ཕྱིན་ངས་ཆོས་གང་བཤད་པ་ལ་ཉོན་གསུང་། ཁོང་པ་ཡང་མོས་གུས་ཆེན་པོ་སྐྱེས་ཏེ། དེ་ནས་རྟེན་འབྲེལ་ཐམས་ཅད་འགྲིག ། བདག་གི་སྒྲིབ་པ་སྦྱང་པའི་ཕྱིར་ཕྱག་ཕབ་པར་འདུག་སྙམ་པ་བྱུང་གསུང་། དེ་ནས་ཆོས་མང་དུ་གསན། སེམས་བསྐྱེད་དབང་བྱིན་རླབས་མང་དུ་ཐོབ། གདམས་ངག་ཟབ་མོ་མང་དུ་གནང་པ་ལགས་ཏེ། དེ་དུས་སུ་བྲེལ་བ་ཆེས་པ་དང་ཀར་ཆག་ལ་མ་བཏབ་པས། ཕལ་ཆེར་རྗེད་ནས་འདུག ། ད་ལྟ་ཡང་བསྒོམ་པའི་དུས་སུ་སྔར་བླ་མས་གནང་པའི་ཆོས་ཟབ་མོ་ཚོ་ཅག་རེ་དྲན་ཅིང་ངོ་འཕྲོད་པར་གསུང་། དེ་ལྟར་མཉེས་བཞིན་པའི་སྒོ་ནས་ཞབས་ཏོག་ཡུན་རིང་དུ་མཛད་དོ། ཡང་དུས་ཅིག་གི་ཚེ། པཎྜི་ཏ་ན་ལེན་ཏ་བྷ་ཏྲས་དཔལ་དུས་ཀྱི་འཁོར་ལོའི་རྡོ་རྗེ་ལུས་ཀྱི་གནས་ལུགས་ཕྱི་དང་ནང་རྩའི་འཁོར་ལོར། ཁམས་ཀྱི་དག་ཚུལ་གླིང་བཅུ་གཉིས་ཁྱིམ་བཅུ་གཉིས་ལ། སྒྲ་གཅན་གྱིས་ལོངས་སྤྱོད་ཚུལ་གྱི་འཁོར་ལོ་བྲིས་ནས། བླ་མ་ཆེན་པོའི་ཕྱག་ཏུ་ཕུལ་བས། ཤིན་ཏུ་མཉེས་ནས། ཁྱེད་དུས་འཁོར་ཤེས་པའི་པཎྜི་ཏར་འདུག ། འདི་རྣམས་ལེགས་པོ་བྱུང་འདུག་གསུངས་ནས། དགེ་སྦྱོང་གིས་འདི་དག་ལེགས་པ་ཟུང་། དུས་ཚོད་ན་དགོས་པ་ཡིན་གསུངས་ནས་ཁོང་པ་ལ་གནང་། ཕྱིས་དུས་འཁོར་སློབ་པའི་དུས་སུ་ད་རྣམས་ཀྱིས་ཕན་པར་བྱུང་ནས། བླ་མའི་མངོན་