[A:100]
གྱི་བར་དུ་བེད་ཀྱང་ཆོད་པར་བྱུང་། དེ་འདྲ་ཡིན་གསུང་བའི་གསུང་སྐྱར་གིན་བྱོན། སང་ཉིན་འབྱོན་དུས་ཀྱང་དགོན་པའི་སྐོར་རྣམས་ཀྱང་ནན་ཆེར་གཟིགས་པ་དང་། མདོ་ལེའི་ནང་དུ་བྱོན་དུས་རི་པ་རྣམས་ལ་ཡང་ཡང་གཟིགས་ཤིང་། ཁྱེད་རྣམས་ཀྱང་དགེ་སྦྱོར་འཕེལ་ལོ་གྱིས། ཆོས་དང་མ་འགལ་བ་གྱིས་ཤིག །། དུས་ཚོད་དང་གནས་སྐབས་ཀྱི་འབྲེལ་པ་དང་རྟེན་འབྲེལ་འཛོམས་པའང་ཡུད་ཙམ་ཡིན་ནོ་གསུང་བ་དང་། སྔ་རྟིང་གི་སྐབས་སྐབས་སུ་ད་རང་ཡུན་རིངས་ན་དུས་ཀྱི་འགྱུར་ཚུལ་དང་བྱས་པས་ཅི་མཐོང་རང་མི་ཤེས་པ་འདུག །། གསུང་བ་ལ་སོགས་ཀྱི་གསུང་ཐོར་བུ་བ་བྱོན་པ་རྣམས། ད་ཙ་ན་སྐུ་གཤེགས་པ་མཁྱེན་པའི་གསུང་འབྱོན་ཚུལ་ཡིན་ཚོད་དུ་གདའ་སྟེ། སྡིགས་རི་དང་ཞལ་སྐྱལ་གྱི་གསུང་གསུང་ཡིན་སྙམ་པ་མ་གཏོགས། ལྟས་ངན་ཆེན་པོ་འདི་ཡོང་སྙམ་པའི་རྟོག་དཔྱོད་ནི་ཕལ་ཆེར་ལ་མ་བྱུང་གདའ། ལྟས་ངན་པ་འདི་མིས་མ་ཚོས་གོང་དུ་བེམ་པོ་རྣམས་ཀྱིས་ཚོར་ཏེ། བདུད་རྩི་ལྟ་བུའི་བཅུད་སྣོད་ཀྱིས་མ་བཟོད་པར་ཆེན་པོ་འདི་ལོ་གཅིག་ཚུན་ཆད་ནས་ཡང་དང་ཡང་དུ་གཡོས། ཁྱད་པར་དུ་ཕག་ལོ་ཟླ་བ་བདུན་པའི་ཚེས་གཅིག་གི་ཉི་མ་རྩེ་ཤར་ལ་ས་གཡོས་དང་། སྒྲ་ཆེན་པོ་ཞིག་བྱུང་བ་དང་དུས་མཉམ་དུ་ཡར་ཆབ་གཙང་པོ་ལུད་ནས། གཡོན་ཏུ་ཆུ་རྒྱུད་ཀྱི་ཞིང་ཁང་མང་པོ་ཁྱེར། ཟླ་བ་བརྒྱད་པ་ལ་མཁས་གྲུབ་ཆོས་རྗེའི་དུས་མཆོད་སྤྱི་ནུར་མཛད་པའི་དུས་སུ། སྔ་དྲོ་གཅིག་དཔལ་རིའི་གཟིམས་ཁང་སྟེང་ན་བཞུགས་པ་ལ། སྒྲ་ཆེན་པོ་འཇིགས་སུ་རུང་བ་གཅིག་བྱུང་། བདག་རྣམས་རྟོག་ཟ་ནས་འདི་རང་མི་དགའ་ལ་ཆེ་ཞུས་པས། གཞད་ཀྱི་འདུག །། རི་ཁྲོད་ཀྱི་ཤར་ཕྱོགས་དང་ལྷོ་ཕྱོགས་ནས་རྫ་ཆེན་པོ་ཉིལ། འཚལ་གྱི་ནུབ་