[A:101]
༄༅ ཕྱོགས་ནས་མཉམ་མེད་རིན་པོ་ཆེའི་དུས་སུ་བཙུགས་པའི་ཤིང་སྡོང་ཆེན་པོ་འགའ་ཞིག་འགྱེལ། གོང་ནས་དཔོན་ཆེན་པོ་སི་ཏུ་འབྱོན་པའི་སྐད་བྱུང་ནས། བསུ་བ་ལ་བདག་འདམ་དུ་འགྲོ་དགོས་བྱུང་ཞིང་ཟླ་བ་དགུ་བའི་ཚེས་བཅུ་གཅིག་ལ། དྲུང་རིན་པོ་ཆེ་ཞབས་དྲུང་དུ། ཞལ་ཏ་ཞུར་འཚལ་དབུས་གླིང་དུ་ཕྱིན། ཕྱག་འཚལ་ཞིང་བྱིན་བརླབས་ཞུས་པའི་དུས་སུ། བྱིན་བརླབས་སྔར་བས་ནན་ཆེ་བ་གཅིག་མཛད། ཞལ་ཏ་སྔར་བས་ནན་ཆེ་བ་བྱོན། འགག་ལ། དུས་ཚོད་ངན་པ་འདིས་སེམས་ཁྲལ་དང་སྡུག་བསྔལ་ཆེན་པོ་བྱུང་བར་འདུག་ནའང་། བློ་བླ་མ་དཀོན་མཆོག་ལ་གཏོད། ཅི་བྱེད་སེམས་སྐྱེད་དགེ་སྦྱོར་གྱིས་ཟིན་པར་བྱས་པས་ལེགས་པར་འོང་སྟེ་མཆི་ཞེས་གསུང་། བུའི་ཐ་མ་ཉམས་ཆུང་། སྐལ་ངན་བདག །། སྐྱབས་རིན་པོ་ཆེ་དང་། མི་ལོ་སུམ་བཅུ་སོ་དགུར་སངས་རྒྱས་དང་སེམས་ཅན་གཉིས་སུ་འགྲོགས་པའི་ཐ་མ་ཞལ་མཐོང་། གསུང་ཐོས་ཀྱི་ཕྱི་མ་དེ་ཉིད་དུ་གདའ་འོ། དེ་ནས་བདག་འདམ་དུ་ཡོངས་དུས། དཔོོན་ཆེན་རྒྱལ་བ་བཟང་པོའི་དྲུང་དུ། དྲུང་གི་གསུང་ཡིག་རྟེན་ན་བཟའ་དང་བཅས་པ་ཞིག་བྱུང་བ་ན། སྒོམ་ཆེན་རྒད་པོ་དེའང་ནུབ་བ་ལང་སྤྱོད་དུ་འགྲོ་ལ་ཁད་གདའ་བས། ད་ལན་མཇལ་ན་དགའ་བ་ཡིན་ཏེ་མ་མཇལ། བསྟན་པ་དང་རྒྱལ་ཁམས་སྤྱི་ལ་ཕན་པ་འདི་ལྟར་མཛད་པར་ཞུ་ཞེས་པ་འདུག །། ཟླ་བ་བཅུ་པའི་ཚེས་བཞི་ལྔ་ནས། བཅུ་གསུམ་བར་དུ་བསྙུང་པའི་རྣམ་པ་མི་ཚོར་ཙམ་བྱུང་འདུག །། དེའི་རིང་ལ་གསོལ་ཡང་མ་ཆག །། ཕྱི་ནད་གི་མི་རྣམས་དང་མཇའལ་འཕྲད་ཀྱང་ན་རེ་མཛད། ད་ལན་རིམ་གྲོ་བྱེད་པ་དང་། ན་འདུག་ཟེར་བའི་སྦར་སྦིར་བྱུང་ན་ང་དང་མི་འཚམ་ཡང་ཡང་གསུང་།