R1249: དཔལ་ལྡན་བླ་མ་དགེ་སྦྱོང་ཆེན་པོ་ཞེས་པ་ཚལ་པ་དྲུང་ཆེན་སྨོན་ལམ་པའི་རྣམ་ཐར་དུ་དྲུང་ཆེན་ཀུན་དགའ་རྡོ་རྗེས་མཛད་པ།

  • Pagination (Witness A): 103
[A:103] ས་གཡོས་ཆེན་པོ་ལན་གཉིས་སུ་བྱུང་། དཔལ་གྱི་རི་ན་འོད་ཀྱི་ཕུང་པོ་གཅིག་འཕགས་ནས་འཚལ་གྱི་ཐང་དུ་བྱུང་། དེ་ནས་བྱང་ཤར་མཚམས་ཀྱི་ནམ་མཁའ་ལ་སོང་བ་ཕལ་ཆེར་གྱིས་མཐོང་། དེ་ནས་ཉིན་ཞག་དྲུག་གི་བར་དུ་ཡུར་གཟི་མདངས་ཇེ་ཆེ་ལ་སོང་། ཞལ་འཛུམ་བྱོན། སྐུ་ཁམས་བཟང་དུས་བས་ཀྱང་ལྷག་པའི་གཟི་བརྗིད་ཆེན་པོ་བྱོན་ཏེ། གཤིས་ཉུག་མའི་འོད་གསལ་དང་། རྐྱེན་བསྒོམས་པའི་འདོ་གསལ་ལ་འདྲ་བར་དང་པོ་ཆོས་སྐུའི་ཞིང་ཁམས་སུ་ཞལ་མཇལ། དབྱེར་མེད་དུ་འདྲེས་ནས་ཆོས་ཀྱི་སྐུ་སྤྲོས་པ་ཐམས་ཅད་དང་བྲལ་བའི་ངང་ལ་བཞུགས་པར་གདའ། དེའི་ནུས་པ་དང་བྱིན་བརླབས་ཀྱིས། ཕྱི་རོལ་དུ་ནམ་མཁའ་དངས་ཤིང་ཉི་ཟླའི་འོད་གསལ་བ། འཇའ་ཚོན་གྱི་མཆོད་སྤྲིན་རྒྱུན་མ་ཆད་པར་བྱུང་། གཟིམས་ཁང་ནང་དུ་ལྷའི་སྤོས་ཀྱི་དྲི་ངད་ཞིམ་པོ་དང་། མར་མེ་མཚན་ཐུབ་ཀྱི་སྐོང་བུ་རྣམས་མ་གསེས་ཀྱང་ཉིན་མཚན་འཁོར་ཡུག་ཏུ་ཐུབ་པ་བྱུང་། གླིང་གསེབ་ཀྱི་སྒོམ་ཆེན་བཟང་པ་རྣམས་ལ་དགེ་སྦྱོར་ཉིན་མཚན་འཁོར་ཡུག་ཏུ་འགྲོ་བ་བྱུང་། མོས་གུས་དང་དམ་ཚིག་དག་ཚད་ཀྱི་རྒྱུད་ལ་ཡོན་ཏན་ཤར་གདའ། འདི་ལྟ་བུ་ཁྱོ་གའི་ཕོ་ཁྱད། བསོད་ནམས་ཀྱི་བསགས་ཁྱད། གྲུང་ཤུན་གྱི་མདུན་ཁྱད། ཆོས་བྱས་མ་བྱས་ཀྱི་ཁྱད་པར་གདའ། མཁས་གྲུབ་ཆོས་ཀྱི་རྗེ་དེར་མ་སླུས། སྒྲུབ་པ་ལོ་ཉི་ཤུ་རྩ་ལྔས་དེར་མ་སླུས་པར་གདའ་འོ། ཉིན་ཞག་བདུན་པ་ནས་བར་དེ་གཉིས་པ་ལོངས་སྐུའི་ཞིང་ཁམས་སུ། ཡིད་ལུས་འཇའ་འོད་ཀྱི་སྐུ་ཤར་ཏེ། བླ་མ་ཡིད་དམ་དཔའ་མཁའ་འགྲོ་དུ་མ་དང་ཐབས་གཅིག་ཏུ་ལྷའི་ཚོགས་ཐམས་ཅད་ཀྱིས་མཆོད་ཅིང་མ་དག་པའི་ཞིང་འདིར་ཡང་