R1249: དཔལ་ལྡན་བླ་མ་དགེ་སྦྱོང་ཆེན་པོ་ཞེས་པ་ཚལ་པ་དྲུང་ཆེན་སྨོན་ལམ་པའི་རྣམ་ཐར་དུ་དྲུང་ཆེན་ཀུན་དགའ་རྡོ་རྗེས་མཛད་པ།

  • Pagination (Witness A): 104
[A:104] གཟིགས། དག་པའི་ཞིང་དུ་གཤེགས་པར་ཡང་རྩོམ་པའི་སྐབས་ཡིན་ཚོད་དུ་གདའ། ཕྱི་རོལ་གྱི་ལྟས་ངོ་མཚར་བ་དང་བྱིན་བརླབས་ནི་རྒྱུན་མ་ཆད། སྐུ་ལུས་སྤུར་གྱི་རྣམ་པ་གྱུར་གདའ་བས། སློབ་བུ་དམ་ཚིག་དག་པ་རྣམས་ཀྱིས་སྤུར་ཆས་བགྱིས། བདག་ཀྱང་ཟླ་བཅུ་པ་ཤར་ནས་རང་སེམས་ཀྱིས་ཚོར་བ་ལྟར་བློ་ཤིན་ཏུ་མ་བདེ། ཡིད་སྐྱོ་ནས་གུང་ཐང་ཕྱོགས་སུ་འགྲོ་བར་ཡང་ཡང་ཞུས་ཀྱང་། མི་དཔོན་རྣམས་ལ་ཞུ་བ་མ་གྲུབ། འཚལ་གུང་ཐང་ནས་ཀྱང་། དྲུང་ལ་སྐུ་ཁམས་བསྙུང་བའི་ལན་མ་སླེབ་པར། བདག་ཀྱང་སྟོངས་དེར་ལུས། ཚེས་བཅུ་བཞིའི་སྲོད་ལ་བདག་གི་རྨི་ལམ་དུ། སྐྱབས་གནས་རིན་པོ་ཆེ་དེ་སྨན་གུར་ཀུམ་སྡེར་གང་གཟུང་ནས། ལྷ་ཁང་གཅིག་ན་བཀྲིས་བརྗོད་ཅིང་འདུག་པའི་འཕྲོ་ལ། བཞུགས་གདན་ལ་ཟློས་ནས་འགྱེལ་བ་ལྟ་བུ་ཞིག་རྨིས། རྗེ་རིན་པོ་ཆེ་ཉིད་གཤེགས་པའི་སྐབས་བདག་ལ་བསྟན་པར་འདུག །། དེ་མ་ཐག་ཉིད་སད་ནས་སྙིང་འཐོན་པ་ལྟ་བུའི་སྣང་བ་བྱུང་སྟེ། སང་ཉིད་དེ་མི་ཆེ་བ་ཐམས་ཅད་ངོ་ཆེན་ལ་སྦྲན་ནས། སི་ཏུའི་དྲུང་དུ་ཞུ་བ་བྱས་པས། བཅུག་གཅིག་གི་ཉིན་གུང་ཐང་དུ་འགྲོ་བའི་ཁུལ་གྲུབ་ནས་ཡོད་ཙ་ན། དེའི་དགོངས་ཁ། རྗེ་རིན་པོ་ཆེ་སྐུ་ཁམས་བསྙུང་བའི་སྐད། དྲུང་རིན་པོ་ཆེ་ཉིད་ཀྱི་ཞལ་ཏའི་གསུང་ཡིག་ཚེས་བཅུ་གསུམ་ལ་བྲིས་པ་གཅིག་དང་། གསོལ་བ་མ་ཐེབས་པའི་གཏམ་ངན་ཚེ་བཅུ་བཞི་ལ་བྲིས་པ་གཅིག་སྲོད་ལ་སྔ་རྟིང་དུ་སླེབས་བྱུང་། དེ་མ་ཐག་ཁམས་ནས་རྒྱལ་བ་ལྟར་གྱུར་ཞིང་། བདག་ལྟ་བུ་བསོད་ནམས་ཟད་པ་སྐྱབས་གནས་དེ་ལྟ་བུ་དང་བྲལ། ལུས་ཀྱི་མགོ་བོ་བོག །། དཔྲལ་གྱི་མིག་གདོན། ཁོང་གི་སྙིང་ཕྱུང་བ་འདི་ལྟ་བུ། ཁྱད་པར་དུའང་བསྙུང་