R1249: དཔལ་ལྡན་བླ་མ་དགེ་སྦྱོང་ཆེན་པོ་ཞེས་པ་ཚལ་པ་དྲུང་ཆེན་སྨོན་ལམ་པའི་རྣམ་ཐར་དུ་དྲུང་ཆེན་ཀུན་དགའ་རྡོ་རྗེས་མཛད་པ།

  • Pagination (Witness A): 102
[A:102] བཅུ་གཅིག་གི་ཉིན། གཉེར་པ་དབོན་བྱང་ཆུབ་དཔལ་འོངས་པས། སྟེང་གི་རྫིའུ་ཁང་པོ་མར་ཇ་སྐོལ། ཁོང་ལ་དཀར་ཡོལ་འབྲུག་རྒྱབ་གནང་། གཉེར་པ་ཁ་དྲོ་བ་གཅིག་བྱོན། མེ་བསྐོངས་དྲོ་བ་གཅིག་ཐོང་གསུང་ནས། དགོངས་མོ་འཕྱི་མོ་བར་དུ་བཞུགས། རྫིའུ་ཁང་སོ་མ་ལའང་དེ་རིང་བདེ་ཆོད་པ་ཡིན་ནོ་གསུང་བ་དང་། ཞལ་ཏ་དང་མཉེས་པའི་གསུང་མང་དུ་བྱོན། དེ་བར་དུ་བསྙུང་བའི་རྣམ་པ་ཆེར་མེད། ཞག་མང་རབ་ཀྱི་གོང་ནས་ནམ་མཁའང་འཇམ་པོ་བྱུང་བས། ཉིན་པར་ཉི་མ་རང་ལ་བཞུགས་པས་བདེ་འབོལ་འབོལ་བྱུང་གསུང་བ་དང་། བཞེངས་བཞུགས་མཛད་དུས་ང་གཟུགས་པོ་བདེ་རུ་སོང་འདུག་གསུང་། ཚེས་བཅུ་གསུམ་ནས་དུམ་པ་བསྙུང་དུ་སོང་བས་གུང་ཐང་དུའང་སྐུའི་རིམ་གྲོ་བཙུགས། དེའི་དགོངས་འཕྲོས་མེད་པ་ཞིག་ལ། དཔོན་ཡོང་གིན་ཡོད་ན་སང་ཀུན་སློབ་པའང་སྲིད་དེ་གསུང་བ་གཅིག་བྱུང་ནས་འདམ་དུ་གསུང་ཡིག་བསྐུར་གདའ། སྤྱིར་བསྙུང་ཟུག་རང་ཆེ་བ་མ་བྱུང་ནའང་གསུང་ཚུལ་དང་རྣམ་པ་རྣམས་ལ་ཐམས་ཅད་བློ་མ་བདེ་བར། བཤེས་གཉེན་པས་གཙོ་མཛད་ཐམས་ཅད་ཀྱིས། སྨན་དཔྱད་སྐུའི་རིམ་གྲི་ལ་འབད་པ་སྟོན་གདའ་ནའང་། རིམས་ཀྱིས་སྐུ་ཤེད་ཇེ་ཆུང་ལ་ཐལ་ཞིང་། ཚེས་བཅུ་གཅིག་གི་སྲོད་ཁོར་བ་ལ། བསྙུང་བའི་རྣམ་པ་ཐམས་ཅད་ཞི། གཟིམས་མལ་དུ་སྐུ་བརྟེན་བཞིན་པ་ལ་དྲན་པོ་སྲངས་ནས་ཐུགས་དམ་ལ། སྤྱན་ནམ་མཁའ་གཟིགས་ཤིང་མོས་འདུད་ག་རེ་མཛད་པའི་འཕྲོ་ལ། སྤྱི་གཙུག་ཚངས་པའི་བུ་ག་ནས་རླངས་དུ་བ་ཕྱུར་བ་ཙམ་བྱུང་སྟེ། དཔལ་ལྡན་བླ་མ་དུས་གསུམ་གྱི་སངས་རྒྱས་སྐུ་དྲིན་མཉམ་མེད་རིན་པོ་ཆེ། རྙེད་པར་དཀའ་བའི་ཡིད་བཞིན་གྱི་ནོར་བུའོ། ཞི་བ་ཆོས་ཀྱི་དབྱིངས་སུ་དམྱ་ངན་ལས་འདས་པར་བཞུགས་པ་ལགས། དེའི་དུས་ཙམ་