[A:34]
མི་ལ་བརྡེག་འཚེག་མེད་པ་མཛད་པ་གཏམ་སྙན་ཞིང་། ཕྱིས་རྩ་རིལ་ལི་སྒོམ་ཆེན་དང་། གངས་རི་སྒོམ་ཆེན་ལ་སོགས་ལ་ཤིན་ཏུ་ཕན་པར་བྱུང་སྐད། རྒྱལ་བུ་ཆོས་འབུལ་གཙང་དུ་བྱོན་པའི་སྐྱེལ་ཐུང་མཛད་ནས། ཕྱིར་ལམ་འབྲི་ཁུང་བས་ཐོག་དྲངས་ཁྲི་སྐོར་ཐམས་ཅད་ཀྱིས་གདན་དྲངས་ནས་བསྙེན་བཀུར་ཞབས་ཏོག་བྱས། ཁྲི་སྐོར་ཐམས་ཅད་ཀྱི་ཁོད་སྙོམས་དང་། ཁྲིམས་ཀྱི་འཇིགས་པ་ཞི་མཛད། བུ་ཡན་དུ་རྒྱལ་པོའི་ཆོས་འཁོར་སྐྱེལ་བ་ལ། ཨུ་རུག་ཐི་མུར་ཅི་དབེན་ཡོངས་འདུས། དབུས་སུ་དམིགས་པའི་འབུལ་བ་ཐམས་ཅད་གུང་ཐང་དུ་འགྱེད་ཟེར་དུ་བྱུང་བས། དཔོན་ཆེན་ཡོན་བཙུན་དང་། རྡོ་རྗེ་མགོན་པོ་དུ་དབེན་ཤས་ཞུས་པ། ཁྱེད་བན་དྷེའི་ཆགས་སྡང་ཡིན་ཟེར་ནས་མ་ཉན་པར། དྲུང་ནས་ཚོགས་པ་འདི་ཙམ་གྱི་དགོན་སྡེ་རེ་རེ་ནའང་ཡོད་གསུངས་པས། གོས་དར་སུམ་བཅུ་གུང་ཐང་སླ་གཡེར་བཀྱེ། བྱིན་པོ་དབུས་ཀྱི་དགོན་སྡེ་རྣམས་སུ་བཀྱེ། ནམ་མཁའ་དཔལ་ཐུང་ཆེན་དབྱེ་གསལ་ལ་ཡོངས་དུས། གོང་མའི་ལུང་དང་། ཐའི་ཤྲིའི་ཞལ་ཏའང་ཡོད་པར་འདུག་ཅིང་། དྲུང་དུ་བློ་འགེལ་དྲན་བསྐུལ་ཚུད་པོར་བྱུང་བས། ཐམས་ཅད་ལ་ཕན་ཐབས་མཛད། བོད་ད་དབྱེ་གསལ་མང་པོ་བྱུང་ཡང་། རྡོ་ཤི་ཨུ་ནུ་གའི་འོག་ནས། འདིའི་རེས་ཕན་དང་ནོན་ཆེ་ཟེར་བ་བྱུང་། དེ་དབུ་དགོན་གསུམ་གཡའ་ཕག་ཐང་གསུམ་ལ། དབེན་པའི་ཞལ་ཚབ་ལ། དྲུང་ནས་བྱོན་ནས་དབྱེ་གསལ་མཛད།