R1249: དཔལ་ལྡན་བླ་མ་དགེ་སྦྱོང་ཆེན་པོ་ཞེས་པ་ཚལ་པ་དྲུང་ཆེན་སྨོན་ལམ་པའི་རྣམ་ཐར་དུ་དྲུང་ཆེན་ཀུན་དགའ་རྡོ་རྗེས་མཛད་པ།

  • Pagination (Witness A): 37
[A:37] ལས་རང་བྱོན་པ་དེ། ར་མོ་ཆེ་ལྷ་ཕལ་པའི་གསེབ་ཏུ་ལུས་ནས་ངོ་མ་ཤེས་པ། དྲུང་ནས་ཐུགས་དམ་གྱི་ལྟས་དང་། ཕྱག་ཞབས་རང་ཁུག་ལ་སོགས་བཟོས་པ་མིན་པའི་རྟགས་དཔྱད་ལས་མཁྱེན་ནས་གསེར་གསོལ་ཏེ། པོ་ཏ་ལའི་རྟེན་གྱི་གཙོ་བོར་སྤྱན་དྲངས་པས་ནམ་མཁའ་འཇའ་ཚོན་གྱིས་གང་། ལྷ་ཁང་གི་ཞལ་སྲོ་ལ། སྤྱན་རས་གཟིགས་ཀྱི་གྲུབ་ཐོབ། སློབ་དཔོན་ཞགས་པ་ཚུལ་ཁྲིམས་དཔལ་གྱིས་གཟུངས་སྒྲུབ་མཛད་པའི་ཚེ། མནལ་ལམ་དུ་ལྷ་ཁང་དེར་སྤྱན་རས་གཟིགས་བྱོན་པ་གཟིགས། ལན་གཅིག་ལྷ་ཁང་དེར་ཐོག་བབས་པ་ལ། རྟེན་མཆོད་དང་མི་གང་ལ་ཡང་གནོད་པ་མ་བྱུང་། ད་ལྟའང་དམར་པོ་རི་པོ་ཏ་ལ་དངོས་དང་མཚུངས་པའི་བྱིན་རླབས་འདུག་ཅིང་སྐྱེས་བུ་དམ་པ་རྣམས་ཀྱིས་ངེས་ཤེས་ཐོབ་པ་ཡིན། ཡ་རྩེ་རྒྱལ་པོ་རི་བུ་དམལ་ལ་དགེ་བསྐུལ་གྱི་ཞུ་བ་བཏང་བས། འབུལ་བ་བསམ་གྱིས་མི་ཁྱབ་པ་བསྐུར་ནས། སྟོན་པ་རིན་རྡོར་ལ་སོགས་བཏང་བྱུང་ནས། ཇོ་བོ་རིན་པོ་ཆེའི་དབུ་ཐོག་ཏུ་གསེར་ཐོག་བཀལ། གཞི་ལེན་ཞལ་ཏ་ཐམས་ཅད་མཛད། འཚལ་འབྲུག་གི་བུ་སློབ་ཐོབ་མགོན་ཡེས་ལ་བསྐུལ་ནས། ལྷ་སའི་འཁོར་ས་ཆེན་མོ། ཁྱམས་ཁྲ་མོ། ལྷ་ཁང་གསར་མ། ལུགས་སྐུ་རི་མོ་དང་བཅས་པ་བཞེངས་སུ་གཞུག་ཅིང་གྲོགས་བདག་རྐྱེན་མཛད། གུང་ཐང་གི་གཙུག་ལག་ཁང་དུ་ཆེན་པོ་དགའ་བདེའི་ནང་རྟེན། གསེར་སྐུ་རྡོ་རྗེ་འཆང་ཆེན་པོ་ཁྲི་རྒྱབ་འཕུལ་མ་དང་བཅས་པ་དང་། ཕྱི་རྟེན་གསེར་འབུམ་བཀྲིས་སྒོ་མང་། ཁྱམས་དབུ་རྩེ་རྒྱ་ཕུབས་རི་མོ་དང་བཅས་པ། ཡང་དགོན་པའི་རིན་