R1249: དཔལ་ལྡན་བླ་མ་དགེ་སྦྱོང་ཆེན་པོ་ཞེས་པ་ཚལ་པ་དྲུང་ཆེན་སྨོན་ལམ་པའི་རྣམ་ཐར་དུ་དྲུང་ཆེན་ཀུན་དགའ་རྡོ་རྗེས་མཛད་པ།

  • Pagination (Witness A): 80
[A:80] ཐོབ། སློབ་དཔོན་གྲི་པ་ཟར་སྟོན་བསོད་ནམས་ནས་འོད་ལ། གྲུབ་པའི་རྒྱལ་མོ་ནས་བརྒྱུད་པའི་ཚེ་དཔག་མེད་ཐོབ། བླ་མ་འདི་རྣམས་ཆོས་ཀྱི་བཀའ་དྲིན་ཇི་ལྟར་ཆེ་བའི་གོ་རིམ་ཡིན་གྱིས། ངོ་མཚར་ཆེ་ཆུང་དང་། མི་ཆེ་ཆུང་དང་། གྲལ་མཐོ་སྨད་དང་། དུས་སྔ་ཕྱིའི་གོ་རིམ་ནི་མ་ཡིན་ནོ། དེ་ལྟར་མང་དུ་ཐོས་པའི་དོན་དེ་མ་བསམས་ན། ལེགས་པར་ཁོང་དུ་ཆུད་པར་མི་འགྱུར་བས། ཚུལ་བཞིན་རྟོག་དཔྱོད་ཡིད་ལ་བྱེད་པས་ལེགས་པར་བསམ་པས། སོ་སོ་རང་གིས་ངེས་པའི་ཤེས་པ་འབྱུང་སྟེ། ཀུན་རྫོབ་ནི་འདི་ལྟ་བུ། དོན་དམ་པ་ནི་འདི་ལྟ་བུ། དེ་གཉིས་ཀྱི་བདེན་པ་ནི་འདི་ལྟ་བུ། སོ་སོར་དབྱེ་ན་འདི་ལྟ་བུ་གཅིག་བསྡུད་ན་འདི་ལྟ་བུ་གནད་ཀྱིས་མི་འགལ་འདི་ལྟ་བུ། འདིའི་རྒྱུན་ལས་འདི་ནི་འདི་ལྟར་འགྱུར་ཏེ། གཞན་དུ་མ་ཡིན་ནོ་སྙམ་དུ་ངེས་པས་ཐ་སྙད་ཀྱི་སྒྲོ་འདོགས་ཆོད་ཅིང་ཐེ་ཚོམ་གྱི་བསྐུར་པ་དང་བྲལ་བར་གྱུར་ཏོ། ཇི་ལྟར་ཐུགས་སུ་ཆུད་པ་ལས་གཞན་ལ་ཕན་པའི་ཕྱིར་བསྟོས་མཛད་པ་ཡང་། མོས་གུས་བླ་མའི་དུས་ཐབས་ལ། ཞང་འཚལ་པའི་བཀའ་བརྒྱུད་རིན་པོ་ཆེ་ལ་གསོལ་བ་འདེབས་པ་བྱིན་གྱིས་བརླབས་ཀྱི་རྒྱུན་འབེབས། བཀའ་བརྒྱུད་ཀྱི་གསོལ་འདེབས་རྒྱུན་ཆགས། རྟོག་ལུགས་བརྒྱུད་པའི་གསོལ་འདེབས། འཚམས་སྤྱོད་དང་པོའི་གསོལ་འདེབས། བླ་བདེ་རིང་མོའི་མགུར། མཉམ་མེད་རིན་པོ་ཆེ་ཤཀྱཱ་ཡེ་ཤེས་ཀྱི་རྣམ་ཐར། དེ་ཕྱིན་ཆད་ཀྱི་བརྒྱུད་པའི་རྣམ་ཐར་ཐོ་ཡིག །། བླ་མ་རིན་པོ་ཆེའི་རྣམ་པར་ཐར་པ་དྲི་མ་མེད་པར་གསལ་བ། རྗེ་བཙུན་རི་བོ་པའི་རྣམ་ཐར་གསལ་བའི་སྒྲོན་མེ། གསན་ཡིག་ནོར་བུའི་ཕྲེང་བ། སྨིན་བྱེད་དབང་གི་རིམ་པ།