[A:82]
ཕྱག་བཞི་པ་སྒྲུབ་ཅིང་མཆོད་པའི་ཆོ་ག་རིམ་པ་གསལ་བ། འཇིག་རྟེན་མིག་བསྒྱུར་གྱི་མཁའ་འགྲོ་ལ་ལྷ་སྒྲུབ་ཅིང་གཞན་དོན་བྱ་བའི་ཚུལ། བྱ་བྱེད་གཏོར་མའི་རིམ་པ། ནོར་བུའི་འོད་ཟེར་སྐུ་མཚམས་ལ་འཇུག་དུས་ཀྱི་ཞལ་བསྐོས་ལ་སོགས། ཐམས་ཅད་ཆིག་བསྡུས་ལ་དོན་རྒྱས་པ། གནད་ཟབ་ལ་གོ་སླ་བ། ཞང་རིན་པོ་ཆེའི་ཆོས་རྒྱུད་མི་འཆད་པ་དང་། འཚལ་པའི་ལུགས་ཀྱི་ལག་ལེན་རྣམ་པར་དག་པ་ལ་ཕན་པར་འགྱུར་བ་འབའ་ཞིག་ཡིན། ཐོས་བསམ་གྱི་་ཤེས་པས་དོན་སྤྱིའི་རྣམ་པ་གོ་ཡང་། སྒོམ་བྱུང་གི་རྟོགས་པ་མ་ཤར་ན་བདག་གཞན་གྲོལ་བར་མི་ནུས་པས། སྒོམ་པ་ཁོ་མ་གཙོ་བོར་མཛད། ཁྲིད་རྣམས་ཞུ་བའི་དུས་སུ་རང་རང་གི་བཤད་ཚོད་ཀྱིས་ཉམས་མྱོང་སྐྱེས་སྐྱེས་སུ་ཞུས། ཉམས་སུ་ལེན་པའི་དུས་སུ་གེགས་སྒྲོལ་སྒྲོལ། བགོས་ཐོན་ཐོན་དུ་ཉམས་སུ་བླངས་པས། ལྟ་བས་ཐེག་ཆེན་སྒོ་པས་གཞུང་བསྲོངས། སྤྱོད་པས་གེགས་ཐོན། འབྲས་བུ་ཕྲལ་དུ་གཏན་ལ་ཕེབས་ནས། སྒོ་བྱུང་གི་རྟོགས་པའི་ཤེས་རབ་ཀྱིས་ཐུགས་གྲོལ་བས། གདུལ་བྱ་ཐམས་ཅད་ཀྱང་བྱིན་བརླབས་དང་། བརྡ་དང་ཁྲིད་བསྟན་པ་མི་གྲོལ་ཏེ། ཁྲིད་བཏབ་ཚད་ལ། རབ་རྟོགས་པ། འབྲིང་ཉམས་མྱོང་། ཐ་མའང་སེམས་ངོ་མ་འཕྲོད་པ་མི་སྲིད་པར་གདའ། དེ་ལྟར་ཀློག་པ་ཁ་གཏོན་གྱི་འཁོར་ལོ་དང་། སྒྲུབ་པ་བསྟན་གྱི་འཁོར་ལོས། རྒྱལ་བའི་བསྟན་པ་ལ་བྱ་བ་རྒྱ་ཆེན་མཛད། བསྟན་པ་འཛིན་པ་ཟེར་བ་ཡིན། དེ་ཐམས་ཅད་ཀྱང་སྡོམ་པ་གསུམ་གྱི་སྒོམ་ནས་སྐུ་གསུང་ཐུགས་རྒྱུད་ལ་འབྱོར་བ་ཡིན་ཏེ། ཚུལ་ཁྲིམས་རྣམ་དག་ཉམས་པའི་སྐྱོན་མ་གོས། བྱང་ཆུབ་ཐུགས་འབྱོང་བརླབས་ཆེན་སྤྱོད་པ་མཛད། གསང་སྔགས་དབུ་བརྙེས།