[A:83]
སྡོམ་གསུམ་བསླབ་པ་མཆོག་གྱུར་ཕྱག་འཚལ་ལོ། གཞི་སོ་སོ་ཐར་པའི་ཚུལ་ཁྲིམས་ལ་བཅས་ནས་རང་བཞིན་དང་བཅས་པའི་ཁ་ན་མ་ཐོ་བ་ཕྲ་མོས་ཀྱང་མ་གོས་པར་མཛད། བསླབ་པ་ཕྲ་མོའང་ཁྱད་དུ་་མི་གསོད། དུས་ཚིགས་ལ་གླེང་ཇི་སྙེད་འདུས་པ་དང་དད་ཐབས་གཅིག་ཏུ་གསོ་སྦྱོང་མཛད། འདུལ་བའི་ལས་ཕྲ་མོ་རྣམས་ཀྱང་བཤད་ཚོད་བཞིན་མཛད་པས། བཙུན་པའི་རབ་ཏུ་གྱུར་པ་ཡིན། རྐྱེན་བྱང་ཆུབ་ཀྱི་ཐུགས་འབྱོངས་ཏེ། ཤ་ལ་བབ་པའི་ཐུགས་རྗེ་མངའ། སྤྱོད་པ་ཐམས་ཅད་གཞན་དོན་བརླབས་ཆེར་འགྱུར་བ་འབའ་ཞིག་མཛད། རང་འདོད་ཀྱི་འཁྲི་བ་མེད། བྱམས་པའི་སྟོབས་ཀྱིས་སྐྱེས་འགྲོ་ཐམས་ཅད་དགའ་ཞིང་འདུན། ཁྱད་པར་དུ་དུད་འགྲོ་རྣམས་མི་འཇིགས་པར་བག་ཕེབས། དཔལ་རིའི་གླིང་གསེབ་ཏུ་ཤ་བ་ལ་སོགས་དུས་འགྲོ་ཕལ་ཆེར་མི་དང་འགྲོགས་ཀྱིན་སྡོད། ཟན་བྱིན་པ་ལག་ནས་བླངས་ཀྱིན་ཟ། གང་བཞུགས་སུ་གསོལ་ལྷག་གིས་བྱ་བྱིའུ་ཐམས་ཅད་གསོ་བ་ལ། བྱ་བྱིའུ་དཔག་ཏུ་མེད་པ་འདུས་ཤིང་རྟག་པར་ཟ་ཡང་། འཐབ་རྩོད་མི་བྱེད། ཐ་ན་བག་བསྡམས་ནས་ཉེ་འཁོར་དུ་བྲན་ཡང་མི་གཏོང་། ཁྱི་ལོའི་སྟོན་ལྷ་ས་སྡེ་བཞིར་བྱོན་པས། བྱང་ཚོང་པའི་ལུག་གཅིག་གསོད་ལ་ཁད་འདུག་པ་ཐག་པ་བཅད་ནས། དྲུང་གི་ཕྱིབས་པའི་གདོང་དུ་བྱུང་ནས་གར་ཡང་འགྲོ་མ་ཉན་པར་སྐྱབས་ཞུས། དེ་ལ་རྟེན་ནས་སྲོག་བསླུ་མང་དུ་མཛད། ཡི་དགས་རྣམས་ཀྱང་གུས་ཏེ། གནས་གཞི་ལ་སོགས་རྒྱལ་འགོད་ཅན་ཇི་འདྲར་བཞུགས་པ་དང་། བཙན་བདུད་གཉན་པོ་ཡོད་པའི་ལམ་འཕྲང་གར་བྱོན་