[A:89]
ལེགས་པར་ཞུགས་པའི་རིགས་པ་འཛིན་པ་ཉིས་བརྒྱ་ལྔ་བཅུ་བྱུང་། སློབ་མའི་ཐ་ཆུང་བདག་ཀྱང་། རྗེ་སྐུ་དྲིན་མཉམ་མེད་རིན་པོ་ཆེ་འདིའི། གཙུག་ལག་གཉིས་ཀྱི་སྐུ་དྲིན་གྱིས་ཇི་ལྟར་སྐྱངས་ཤིང་རྗེས་སུ་གནང་བའི་བཀའ་ཞུས་པ་ཡིན། དེ་དུས་ཉིད་དུ་བྱིན་བརླབས་ཆེན་པོ་ཞུགས་པས། ཆོས་འབྲེལ་ཐོག་མ་དེ་ཐོབ་མ་ཐག་དེ་ནས། མོས་གུས་ཁྱད་པར་ཅན་ཚུད་པ་དེ་ཡིན། སྦྲལ་ལོ་ཟླ་བ་བརྒྱད་པ་ལ་བདེ་མཆོག་ལུས་དཀྱིལ་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་མཛད་ཚམས་སུ་ཡོད་པར་འདུག །། བདག་གི་མ་ཚོར་ཞིང་བྲེལ་བའི་དབང་གིས་འདམ་དུ་འགྲོ་བར་ཆས་ནས། སྤྲས་ཀྱི་ཕུར་སླེབ་ཙ་ན། ལོག་ནས་འགྲོ་སྙིང་འདོད་པ་གཅིག་བྱུང་ནས་ལོོག་ཡོངས། དུས་དེར་ཐུགས་རྗེའི་ལྕགས་ཀྱུས་ཐེབས་ནས་བཀུག་པར་འདུག །། གུང་ཐང་དུ་སླེབ་མ་ཐག་དཔལ་གྱི་རི་བོར། རྗེ་རིན་པོ་ཆེའི་ཞབས་དྲུང་དུ་ཕྱིན་ཙ་ན། ཆོ་ག་ལ་ཞུགས་ལ་ཁད་འདུག་པ་དང་སླེབ། ཁྱེད་ཚོས་ཀྱི་ཕྱོགས་ལ་བསོད་ནམས་ཤིན་ཏུ་ཆེ་བ་གཅིག་འདུག །། རྟེན་འབྲེལ་མ་སྒྲིགས་པར་འགྲིག་པ་ཡ་མཚན་ཆེ་གསུང་ནས་དགྱེས་ཚོར་ཆེན་པོ་མཛད། དཀྱིལ་འཁོར་དུ་བཅུག་ནས་ཡེ་ཤེས་འབེབས་པའི་དུས་སུ། སྔར་པས་ཀྱང་ལྷག་པའི་བྱིན་བརླབས་བསམ་གྱི་མི་ཁྱབ་པ་གཅིག་བྱུང་། དུས་དེ་ནས་འགྲོ་བའི་མགོན་པོ་ཞང་རིན་པོ་ཆེ་དང་དངོས་སུ་ངེས་ཤིང་ཐེ་ཚོམ་ཆོད་པ་ཡིན་ནོ། བདག་རང་ཡང་ད་རེས་བསོད་ནམས་བསགས་པ་དགའ།