R1249: དཔལ་ལྡན་བླ་མ་དགེ་སྦྱོང་ཆེན་པོ་ཞེས་པ་ཚལ་པ་དྲུང་ཆེན་སྨོན་ལམ་པའི་རྣམ་ཐར་དུ་དྲུང་ཆེན་ཀུན་དགའ་རྡོ་རྗེས་མཛད་པ།

  • Pagination (Witness A): 90
[A:90] རབ་ཏུ་འདུག་སྙམ་པ་བྱུང་། ཤིང་ཕོ་སྤྲེའུ་ལོ་ཟླ་བ་དགུ་པ་ལ། ན་ནོ་མཁའ་སྤྱོད་ཀྱི་བྱིན་བརླབས་ཞུགས་པའི་སྐབས་དེར། བྱིན་བརླབས་ཀྱི་ཡེ་ཤེས་བབས་པ་ལྟ་བུ། སྔོན་བྱིན་བརླབས་ཀྱི་མངའ་བདག །། རྗེ་བཙུན་གྱི་རྒྱལ་པོ་རི་བོ་ལ་དབང་ཞུས་པ་རྣམས་ཀྱི་དུས་སུའང་མ་བྱུང་། ལར་བྱིན་བརླབས་འབེབས་པ་རོལ་མོའི་འུར་རྒྱངས་ལ་རེ་དགོས་པའི་བླ་མ་དེར་མི་གདའ། ཕྱག་ཐལ་མོ་སྦྱར་ཞིང་སྤྱན་ནམ་མཁར་གཟིགས་ཏེ། བླ་མ་ཡིད་དམ་རྣམས་གདུལ་བྱ་སྣོད་ལྡན་ཡོད་དོ། བྱིན་གྱིས་བརློབས་ཤིག་གསུང་ཙ་ན། ཐམས་ཅད་ལ་རང་དབང་མེད་པར་ཡེ་ཤེས་རང་འབར་དུ་ཡོང་གིན་གདའ་འོ། གྲོལ་བྱེད་ལ། གཞི་ལམ་འབྲས་གསུམ་གཏན་ལ་འབེབས་པའི་ཚོགས་ཆོས་ཟབ་མོ་མདོ་ལྔ་མན་ངག་སྙེ་མ་དང་། བྱམས་ཆོས། བསླབ་བཏུས། ཆོས་ཆུང་བརྒྱ་རྩ། བེ་བུམ་དམར་པོ་ལ་སོགས་ཚར་བཅུ་ལྔ་གསུངས་པ་ལ། ལུང་གི་ཆོས་ངེས་པར་གོ་བའི་ཆོས་ཉན་སྟོང་ཉིས་བརྒྱ་བྱུང་། ཉམས་ལེན་འགག་ཏུ་འདྲིལ་བའི་ཟབ་ཆོས། འགྲོ་བའི་མགོན་པོ་རིན་པོ་ཆེའི་བཀའ་འབུམ་ཚར་དགུ་གསུངས་པ་ལ། རྟོགས་པའི་ཆོས་ངེས་པར་འཁྲུངས་པའི་སློབ་མ་གཅིག་བརྒྱ་དང་བཅུ་བྱུང་། མདོར་ན། དྲུང་ན་ཡོད་པའི་ཆོས་གཉེར་དང་། ཁྲིད་གཉེར་རྣམས་ཀྱིས་གྲངས་ཟིན་ཞིང་དཀར་ཆག་ཏུ་ཐེབས་པ་ལ། དཔལ་ལྡན་བླ་མ་དམ་པ་རྗེ་བཙུན་རིན་པོ་ཆེའི་ཆོས་ཀྱི་བཀའ་དྲིན་ཐོབ་ངེས་པའི་སྐལ་ལྡན་གདུལ་བྱ་གསུམ་སྟོང་ཆིག་བརྒྱ་ཉི་ཤུ་བྱུང་འདུག །། གཞི་བྱེས་ལམ་གསུམ་དུ་ཆོས་འབྲེལ་ཐོར་བུ་བ་བསྟན་པ་གྲངས་སུ་མ་ཐེབས། བགྲང་གི་མི་ལང་། སློབ་མ་རྣམས་ཀྱི་ནང་ནས་མཁས་པའི་མཆོག །། རྒྱུའི་ཐེག་པ་སྟོན་པ་ལ། ཆོས་འཁོར་གླིང་གི་