[A:88]
བསལ་མི་རྟོག་པའི་ཏིང་ངེ་འཛིན་བརྒྱལ་བ་མང་པོ་བྱུང་། གདུང་བའི་ཤུགས་འབར་བས་དཔལ་གྱི་རི་བོ་ལུང་པ་ཐམས་ཅད་འུར་གྱིན་གང་། སངས་རྒྱས་དང་བྱང་ཆུབ་ཐམས་ཅད་ནམ་མཁའ་ཤ་མར་མངོན་སུམ་དུ་འབྱོན་གྱིན་ཡོད་པ་སྙམ་བྱེད་པའི་བྱིན་བརླབས་ཆེན་པོ་བྱུང་། ད་ལྟ་ཡང་དྲན། དེ་ལྟ་བུའི་བྱིན་རླབས་འབྱུང་གིན་གདའ། དོན་དམ་བྱང་ཆུབ་སེམས་བསྐྱེད་པ་ངེས་པའི་དོན་གྱི་ཁྲིད་ཆེན་མོ་ལན་བདུན་བྱོན་པ་ལ། ཉམས་དང་རྟོགས་པ་ངེས་པར་འཁྲུངས་པའི་སྒོམ་ཆེན་བརྒྱ་དང་བཅུ་གཉིས་བྱུང་། ཁྲིད་བདུན་པའི་རེེས། སྒོམ་མ་མེ་ཆེན་མའི་ཁྲིད་ཡིག་གསར་པའི་སྟེངས་ནས་གཟབས་པ་གཅིག་དང་མཛད་པས། སློབ་མ་རྣམས་ལ་ཁྱད་པར་འཕགས་པའི་སྐྱེ་ཚུལ་བྱུང་བ་ལ་ཤིན་ཏུ་དགྱེས་ཏེ་ངོ་སྤྲོད་ཀྱི་དུས་སུ། ང་ཕད་བུམ་ངན་ཡང་ལུང་ཐག་བཟང་བ་ཡིན། ང་དང་ཆོས་འདིའི་རྒྱབ་ན་བླ་མ་བརྒྱུད་པའི་ཚོགས་དང་། མཁའ་འགྲོ་ཆོས་སྐྱོང་འདི་རྣམས་ཀྱིས་བྱིན་གྱིས་སློབ་ཅིང་ཡོད་པ་ཡིན་གསུང་བས། ཐམས་ཅད་རིག་པ་འུར་ཏེ། འགའ་རེ་ཏིང་ངེ་འཛིན་དུ་རྒྱལ། འགའ་རེ་ནམ་མཁར་འཕགས་ཤིང་འཁྲབས། ཡེ་ཤེས་ཀྱི་འུར་ཆེན་པོ་ལངས་པའི་འཕྲོ་ལ། ཐམས་ཅད་གསལ་བ་དང་སྟོང་གཉིས་སུ་མེད་ངང་དུ་ལྷོད་གློད་ལ་ཞོག་ཅེས་ལན་གསུམ་ཙམ་གསུང་། ཐམས་ཅད་ཀྱིས་དགེ་སྦྱོར་གྱི་ངང་དུ་བཞག་ཙ་ན་ཕལ་ཆེར་ལ་སྔར་བས་ལྷག་པའི་དགེ་སྦྱོར་རེ་བགོས་ཐོན་འདུག །། འོ་ཀོལ་རྣམས་སྐྱེ་བ་སྔོན་མ་སྔོན་མ་ནས་སྨོན་ལམ་བཏབ་པ་ཡིན་ཚོད་འདུག །། འདི་ཙམ་གྱི་གྱི་རྟེན་འབྲེལ་འཛོམ་པའང་དཀའ་མོ་ཡོད་པ་ཡིན་གསུང་། གསང་སྔགས་རྡོ་རྗེ་ཐེག་པར་རྒྱུད་སྨིན་བྱེད་ཀྱི་དབང་དང་། བྱིན་བརླབས་ལན་བཅུ་དྲུག་གནང་བ་ལ། རྒྱུད་ལ་དཔའ་བོ་མཁའ་འགྲོའི་བྱིན་བརླབས་