R131: དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༥༢བ
[A:༥༢བ] པ་གཅིག་གིས་ཉ་གསོན་པོ་སྤར་མོ་གང་ཁྱེར་བྱུང་སྟེ། དགེ་འདུན་གྱི་འབྲས་ཀྱི་ཚ་བ་གཡོས་པའི་མེ་ལ་བླུགས་སོ། །དེ་ལ་དགེ་འདུན་མ་མཉེས་པར་ངན་པ་འདི་ལ་རྒྱོབ་ཟེར་བ་ན། རྣལ་འབྱོར་པ་དེས་ཁྱེད་རྣམས་མི་དགའ་ན། སོང་སོང་གསུངས་ནས་སེ་གོལ་གཏོགས་གཏོགས་མཛད་པས། ཉ་ཚོ་མཁའ་ལ་འཁྱུག་འཁྱུག་སོང་བ་དང་། དགེ་འདུན་རྣམས་ཀྱིས་གྲུབ་ཐོབ་ཡིན་པར་ཤེས་ནས་བཟོད་པར་གསོལ་ནས་མཆོད་གནས་སུ་བཞུགས་པར་ཞུས་པས་མ་གནང་ངོ་། །དེ་ཕྱིར་བྱོན་ཙ་ན། ནཱ་རོ་པའི་བསམ་པ་ལ་ཏཻ་ལོ་པ་ཡིན་ནམ་སྙམ་ནས་ཕྱག་དང་བསྐོར་བ་བྱས། ཞབས་སྤྱི་བོར་བླངས་ཏེ། བདག་ལ་མཁའ་འགྲོའི་ལུང་བསྟན་པ་ལགས་པས་རྗེས་སུ་གཟུང་བར་ཞུ་ཞུས་པས། ནཱ་རོ་པའི་ཐུགས་ཀར་རྡོག་པ་ཅིག་བཞག་ནས་ཅང་མི་གསུངས་བར་བཞུད་དོ། །ནཱ་རོ་པས་ཀྱང་ཕྱི་བཞིན་འབྲངས་པས། ལྷ་ཁང་ཐོག་བཅུ་གསུམ་ཡོད་པ་གཅིག་གི་སྟེང་དུ་བྱོན་ནས། འཇིག་རྟེན་གསུམ་ན་བླ་མའི་བཀའ་དང་མི་འགལ་བ་བྱེད་པ་ཡོད་ན། འདི་ན་མར་མཆོངས་ནུས་པ་སུ་ཡོད་གསུངས། དེར་ནཱ་རོ་པའི་ཐུགས་ལ་མི་གཞན་ནི་མི་འདུག་ང་ལ་ཟེར་བ་ཡིན་ནམ་སྙམ་ནས། ལྷ་ཁང་ཁ་ནས་མཆོངས་པས། རུས་པ་ཆག་ནས་གསུས་པ་ལ་ཟུག་སྟེ་ན་ཚ་ཚུགས་པ་མེད་པ་བྱུང་བ་ནས། བླ་མ་བྱོན་ནས་ཁྱོད་ནའམ་གསུངས། ན་ལགས་རོ་བཞིན་ཐལ་ལོ་ཞུས་པས་ན་རོ་ཞེས་གྲགས་སོ་ཞེས་གསེར་སྡིངས་པས་མཛད་པའི་གསང་འདུས་བླ་མ་བརྒྱུད་པའི་ལོ་རྒྱུས་ཀྱི་ཡི་གེ་ལས་བྱུང་མོད། ནཱ་རོ་པའི་སྒྲ་དོན་དེ་ལྟར་དུ་འཆད་པ་ནི་ནོར་བ་སྟེ། བདག་ཉིད་ཆེན་པོ་ས་སྐྱ་པཎྜི་།