R131: དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༥༣ན
[A:༥༣ན] ཏས་རབ་དབྱེ་ལས། དཀའ་བ་སྤྱད་པས་ཨ་ན་ན། །རོ་རུ་སོང་ཞེས་འཆད་པ་དང་། །ཞེས་གསུངས་པས་སོ། །དེས་ན་ནཱ་རོ་ཞེས་པ་ནི་འཕགས་ཡུལ་ན་བྲམ་ཟེའི་རིགས་བཅུ་དྲུག་ཡོད་པའི་ནང་ནས་རིགས་བཟང་ཤོས་ནཱ་རོ་ཏ་པ་ཞེས་བྱ་བའི་རིགས་ཡིན་པས་ན་ནཱ་རོ་ཏ་པ་ཞེས་བྱ་བ་ཡིན་པར་བཤད་པ་ནི་འཐད་ལྡན་ཡིན་ནོ། །དེ་ནས་བླ་མས་ཕྱག་གིས་ཡུལ་ཡུལ་མཛད་ནས་ཕུ་ཕཊ྄་སོས་པར་གྱུར་ཅིག་གསུངས་པས་སྔར་བཞིན་སོས་སོ། །ཡང་དུས་གཅིག་གི་ཚེ་ཏཻ་ལོ་པས་མེ་ཏོག་ཅིག་བསྡུས་ནས་ནཱ་རོ་པ་ལ་གཏད་དེ། ད་ལྟ་འདི་ན་མར་ལ་བག་མ་གཅིག་འོང་བས། མེ་ཏོག་འདི་མགོ་ལ་ཐོགས་ལ་ནུ་མ་མཉེས་ཤིག་གསུངས་ཤིང་། ཏཻ་ལོ་པ་རང་བཞུད་སོང་བ་དང་། དུམ་ཙམ་ནས་བག་མ་དེ་བྱུང་བ་ལ་ནཱ་རོ་པས་ཏཻ་ལོ་པ་ཇི་སྐད་གསུངས་པ་བཞིན་བྱས་པས། གཉའ་འོ་རྣམས་ཀྱི་བརྡུངས་ཏེ་ཤི་ལ་ཐུག་པ་ན། ཏཻ་ལོ་པ་བྱོན་ནས་སྔར་བཞིན་བྱིན་རླབས་མཛད་པས་གསོས། ཡང་ལན་གཅིག་ཏཻ་ལོ་པ་ནགས་ཁྲོད་ཅིག་ན་བཞུགས་པའི་ཚེ། ནཱ་རོ་པས་བསོད་སྙོམས་ལ་ཕྱིན་པས་དགེ་འདུན་ལ་སྟོན་མོ་བྱེད་པ་དང་འཕྲད་དེ། ཚ་བ་བསླངས་པས་རོ་མཆོག་དང་ལྡན་པ་ཞིག་འདུག་པས། ཏཻ་ལོ་པ་ལ་དྲང་དགོས་སྙམ་སྟེ་ཁྱེར་འོངས་ནས་ཞུས་པས། ཞིམ་ཞིམ་ལྟར་ལེགས་པར་གསོལ་ཏེ་ཞལ་ནས་ནཱ་རོ་པ་ཚོད་མ་ཞིམ་གསུངས། ནཱ་རོ་པའི་ཐུགས་ལ་སྔར་ནས་ཅི་ཕུལ་ཀྱང་དགྱེས་པའི་བཞེད་མེད་པ་ལ། ད་རེས་དགེས་པར་འདུག་སྙམ་ནས་སླར་སློང་དུ་ཕྱིན་པས། མ་བྱིན་པ་དང་། ནཱ་རོ་པས་ཕྲུ་བ་ཁྱེར་ཏེ་བྲོས་པས། དགེ་འདུན་རྣམས་ཀྱིས་བདས་པས་ཟིན་།