R131: དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༥༣བ
[A:༥༣བ] ནས་བརྡུངས་པས་ཤི་ལ་ཁད་པ་ལ་སྔར་བཞིན་བྱིན་རླབས་མཛད་པས་ནད་ལས་གྲོལ་ལོ། །གཞན་ཡང་མཁའ་ཁུང་དུ་སྨྱུག་ཚལ་བརྒྱབ་པ་དང་། ནམ་ཕྱེད་ཟས་སློང་གསུངས་ནས་བསླང་པས་བརྡུངས་པ་དང་། ལུས་ཀྱིས་ཏཻ་ལོ་པ་བཞུད་པའི་ཟམ་པ་བྱས་པས་སྲིན་བུས་ཟོས་པ་དང་། ཙནྡན་གྱི་མེ་ལ་མཆོངས་སུ་བཅུག་པ་དང་། ཐང་ཆེན་པོ་ལ་ངལ་མ་གསོས་པར་རྦབ་ཁུར་གསུངས་པ་ལ་ཁུར་བ་དང་། རྒྱལ་པོའི་ཆུང་མ་དང་ལྷན་ཅིག་སྡོད་ཅིག་གསུངས་པ་ལ་བརྡུངས་པ་དང་། བློན་པོའི་ཆུང་མ་དང་ལྷན་ཅིག་སྡོད་ཅིག་གསུངས་པ་ལ་བསྡད་པས་བརྡུངས་པ་དང་། ངའི་རིག་མ་དང་ལྷན་ཅིག་སྡོད་ཅིག་གསུངས་པ་ལ་བསྡད་པས་མེས་བསྲེགས་པ་དང་། ཁྲག་གི་མཎྜལ་ལ་ཤའི་ཚོམ་བུ་བཀོད་དེ་ཕུལ་གསུངས་པ་ལ་དེ་བཞིན་མཛད་པ་དང་། ནཱ་རོ་པའི་ཕྱག་རྒྱ་མ་ལ་བྱས་པས་མཚན་མ་ལངས་པ་རྡོས་བརྡུངས་པ་ལ་སོགས་པ་མདོར་ན་ནཱ་རོ་པས་ཏཻ་ལོ་པ་ལོ་བཅུ་གཉིས་ཀྱི་བར་དུ་བསྟེན་དཀའ་བ་ཆེན་པོ་བཅུ་བཞི་དང་དུ་བླངས་ཏེ་ཇི་སྐད་གསུངས་པ་བཞིན་བསྒྲུབས་སོ། །དེ་ལྟར་གསེར་སྡིངས་བས་མཛད་པའི་བླ་མ་བརྒྱུད་པའི་རྣམ་ཐར་ལས་དཀའ་སྤྱད་མང་དུ་མཛད་པའི་དང་པོ་གསུམ་ལ་བུམ་དབང་སོགས་དབང་དང་པོ་གསུམ་ཐོབ་ཚུལ་སྦྱར་ནས། སླར་དེ་ལྟར་ན་ནཱ་རོ་པས་ལོ་བཅུ་གཉིས་སུ་ཞབས་ཏོག་བྱས་པས་ཆོས་ཅི་ཡང་མ་ཞུས་པས། ད་ཞུ་དགོས་སྙམ་ནས་ཕྱག་དང་བསྐོར་བ་བྱས་མཎྜལ་ཕུལ་ནས་ཞབས་སྤྱི་བོར་བླངས་ཏེ་ཡང་དག་པའི་གདམས་ངག་ཞུས་པས། སྤྱན་ཕྱོགས་བཞིར་གཟིགས་ཏེ། མཆིལ་ལྷམ་ཕུད་ནས་གཅུ་གཅུ་བ་ཅིག་དཔྲལ་།