R131: དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༥༤ན
[A:༥༤ན] བར་བརྒྱབ་ནས་བདེ་བ་ཆེན་པོར་བརྒྱལ་ལོ། །བརྒྱལ་བ་སངས་ཙ་ན་ཐེག་པ་མཐའ་དག་གི་ཆོས་ཐུགས་ལ་ཤར་ཏེ་མི་ཤེས་པ་གང་ཡང་མི་འདུག་གོ །དེའི་དུས་སུ་ཨ་ཐུང་སྐྱེ་བ་མེད་པའི་གདམས་ངག་གནང་སྟེ། མི་མནོ། མི་བསམ། མི་དཔྱད། སེམས་རང་བཞིན་གྱི་གནས་པར་ཞོག་གསུངས། ཡང་ཞུས་པས། བསམ་པའི་ཡུལ་ལས་འདས། བརྗོད་པའི་ཚིག་ལས་འདས། མཚོན་པའི་དཔེ་ལས་འདས། ཏཻ་ལོ་པས་ཅི་ཡང་བསྟན་དུ་མེད་གསུངས་སོ། །དེ་ལྟར་དཀའ་སྤྱད་བཅུ་བཞི་པོ་དེ་རེ་རེ་ལའང་མཉེས་ཚོར་ཁྱད་པར་ཅན་རེ་སྐྱེས་ཤིང་ས་བཅུ་བཞི་བགྲོད་པ་ཡིན་ནོ་ཞེས་གསུངས་པ་ནི་མ་འབྲེལ་ཏེ། དཀའ་སྤྱད་དང་པོ་གསུམ་དང་བུམ་དབང་སོགས་སྦྱར་བས་དབང་ཐོབ་པར་བསྟན། ལོ་བཅུ་གཉིས་སུ་ཞབས་ཏོག་བྱས་ཆོས་ཅི་ཡང་མ་ཞུས་ཞེས་བཤད་པ་ནི་དབང་ཆོས་མ་ཡིན་པར་གསུང་རྒྱུར་སྣང་བ། དེ་ལྟར་ན་གསང་སྔགས་ཀྱི་ཆོས་སམ་ལམ་གྱི་རྩ་བ་དབང་བསྐུར་ཉིད་ཡིན་པར་རྒྱུད་སྡེ་ཐམས་ཅད་ལས་བསྔགས་བརྗོད་དང་བཅས་གསུང་པར་མི་འཐད་པར་འགྱུར་ཞིང་། དཀའ་སྤྱད་བཅུ་བཞིས་ས་བཅུ་བཞི་བགྲོད་ཅེས་པ་ཡང་ནོར་ཏེ། ས་བཅུ་གསུམ་ཞེས་པའི་ཐ་སྙད་གསུངས་ཀྱིས། རྡོ་རྗེ་ཐེག་པའི་ལུགས་ཀྱི་ས་བཅུ་བཞི་སོགས་སུ་བཤད་པ་ནི་ས་བཏགས་པ་པའམ། འཐད་ལྡན་མ་ཡིན་ནོ། །ཡང་གསེར་སྡིང་པས་མཛད་པའི་བླ་མ་བརྒྱུད་པའི་ལོ་རྒྱུས་ལས། དེ་ནས་ནཱ་རོ་པས་བླ་མ་དྲིན་ཆེ་བས་དྲིན་ལན་ཞིག་མཛད་པར་དགོངས་ནས་བྱོན་པ་ན། མགར་བའི་གླིང་དུ་གྲོགས་པོ་མགར་བ་གཅིག་ཡོད་པའི་སར་བཞག་ནས།།