R131: དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༥༤བ
[A:༥༤བ] སྲོད་ལ་ལོ་རྒྱུས་ངོ་མཚར་གྱི་གཏམ་ལ་ཡེངས། དེ་ནས་གཉིད་བཟི་སོང་ཙམ་ན། གཉིད་སད་སད་པ་དང་མགར་བ་ལ་ཏུག་གི་རེ་མོས་ཡོད་པ་དང་། ནམ་ལངས་སྙམ་སྟེ་ཐོ་ཏུག་བྱས་པས་ཐམས་ཅད་ཏུག་གི་སོང་བས། དེར་སློབ་དཔོན་སོ་མ་སོད་ཞེ་སྡང་སྐྱེས་པས། དེ་ཅིས་ལན་བསམ་པས་ཏུག་གིས་ལན་པར་འདུག ཏུག་དེ་གང་ནས་བྱུང་བསམ་པས་མགར་བའི་ཁྱིམ་ནས་བྱུང་། དེ་ནས་ཏུག་ཐམས་ཅད་སོང་འདུག དཔེ་དེ་བཞིན་དུ་ངས་ཞེ་སྡང་ངམ་སོ་མ་སོད་པ་དེ་རང་གི་སེམས་ལས་བྱུང་། སེམས་སྟོང་པ་ཉིད་ལས་བྱུང་། སྟོང་པ་དེ་ཆོས་སྐུ་སྐྱེ་མེད་གོ་བའི་བརྡ་བྱུང་སྟེ། དེ་ཡང་བླ་མའི་དྲིན་ཡིན་སྙམ་སྟེ་མོས་གུས་ལྷག་པར་སྐྱེས་ནས། བྱེ་རུ་བྲེ་དོ་ཙམ་བཙལ་ནས་བླ་མ་ལ་འབུལ་དུ་ཕྱིན་པས། ཏཻ་ལོ་པའི་ཐུགས་ལ་ནཱ་རོ་པ་འདི་ད་རུང་རྣལ་འབྱོར་པ་ཆེན་པོར་མི་འདུག་སྙམ་ནས། བྱེ་མའི་སྒང་བུ་ཞིག་བྱེ་རུར་བྱིན་གྱིས་བརླབས་ནས་དེའི་སྟེང་དུ་བཞུགས་པས། ནཱ་རོ་པའི་ཐུགས་ལ་བླ་མ་ལ་བྱེ་རུ་དགོས་པ་མི་འདུག བླ་མ་རང་འདོད་ན་ས་གཞིའང་བྱེ་རུར་བསྒྱུར་དུ་འདུག་པ་ལ་སྙམ་ནས། བླ་མའི་ཕྱོགས་སུ་བྱེ་རུ་གཏོར་ནས་བཏང་ངོ་། །དེ་ནས་ཆོས་བཤད་པ་གལ་ཆེའམ་བསྒོམ་པ་གལ་ཆེ་བླ་མ་ལ་ཞུས་པས། ཐོད་པ་དྲི་ཆེན་གྱིས་གང་བ་ལ་མིའི་རྩིབ་མས་ཁྱེམ་བུ་བྱས་ནས་གསོལ་ཏེ། དེ་ནས་ནཱ་རོ་པ་ལ་བྱིན་པས་བལྟས་པས་མདོག་མི་སྡུག བསྣམས་པས་དྲི་མི་ཞིམ་པར་འདུག འོན་ཀྱང་ཟོ་ཞིག་བྱ་བའི་བརྡ་ཡིན་སྙམ་ནས་ཟོས་པས་རོ་མཆོག་བརྒྱ་དང་ལྡན་པར་འདུག་ནས། དེར་བཤད་པ་གཙོ་བོར་བྱེད་པ་ནི་མི་གཙང་བའི་།