R131: དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༥༥ན
[A:༥༥ན] ཁ་དོག་དང་དྲི་དང་འདྲ་བར་འདུག བསྒྲུབ་པ་གཙོར་བྱེད་པ་ནི་མི་གཙང་བའི་རོ་ཞིབ་པ་དང་འདྲ་སྟེ། ཉོན་མོངས་པ་ཡེ་ཤེས་སུ་འཆར་བར་འདུག་སྙམ་པ་དང་། བླ་མའི་ཞལ་ནས་དེ་ཙུག་ཡིན་གསུངས་ཏེ་དབང་བཞི་ལམ་དུ་བྱེད་པའི་བརྡ་ཡིན་ནོ་ཞེས་གསུངས་པས། ལོ་རྒྱུས་དེ་ལ་ཡང་ནང་འགལ་ཅུང་ཟད་འདུག་སྟེ་ཡི་གེས་འཇིགས་ནས་བཏང་སྙོམས་བཞག་གོ །འོ་ན་དཀའ་སྤྱད་རྣམས་མ་རྫོགས་གོང་གདམས་ངག་ཅུང་ཟད་ཀྱང་མ་བསྟན་ནམ་སྙམ་ན། ལོ་རྒྱུས་ཚད་ལྡན་རྣམས་ལས། དཀའ་སྤྱད་མ་རྫོགས་བར་གདམས་པ་མ་བསྟན་པར། སླར་བསྟན་པ་ཁོ་ན་འབྱུང་བས། ཚུལ་དེ་བཞིན་དུ་བཤད་ན། གོང་དུ་བསྟན་པ་ལྟར་དཀའ་སྤྱད་མང་པོ་ཞིག་དང་དུ་བླངས་ནས། ཡང་ནཱ་རོ་པས་ཏཻ་ལོ་པའི་ཕྱི་བཞིན་དུ་འབྲངས་ནས་ཐང་སྟོང་ཞིག་ཏུ་སླེབས་པ་ན། ཏཻ་ལོ་པ་ཅུང་ཞིག་མཉམ་པར་བཞག་ནས། ནཱ་རོ་པ་ལ་ཁྱོད་ཡུན་རིང་པོར་ཚ་གྲང་ལ་སོགས་པ་གང་ཡང་ཡིད་ལ་མི་བྱེད་པར་དཀའ་བ་དོན་དུ་གཉེར་བ་ཅི་འདོད་པ་ཡིན་གསུངས་པ་ལ། ནཱ་རོ་པས་ཁོ་བོ་ནི་ཡང་དག་པའི་གདམས་ངག་འདོད་དོ་ཞུས་པས། འོ་ན་མཎྜལ་གྱིས་གསུངས་པ་ལ། ཆུ་མེད་ཞུས་པས། དྲི་ཆུས་གྱིས་གསུངས་ནས། དེ་བཞིན་མཛད་ནས་མཎྜལ་གྱི་མེ་ཏོག་བཀྲམ་པ་དང་། སློབ་དཔོན་གྱིས་མཎྜལ་གྱི་འཇིམ་པ་ཅིག་བླངས་ནས། ནཱ་རོ་པའི་ཞལ་ལ་བརྒྱབ་པས་མི་རྟོག་པ་སྐྱེས་ཏེ། དེ་ཡང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མཚོན་པར་བྱེད་པའི་ཕྱིར་བྱིན་གྱིས་བརླབས་པར་མཛད་པ་ཡིན་ནོ། །དེ་ནས་དང་པོར་དབང་དང་། ཕྱིས་སུ་རྒྱུད་དང་།།