R131: དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༥༥བ
[A:༥༥བ] གདམས་ངག་མ་ལུས་པ་གནང་བ་ལས། ཐོག་མར་བསྐྱེད་པའི་རིམ་པ་དང་། གཞི་འཁོར་བའི་གནད་རྩ་དང་རླུང་དང་བྱང་ཆུབ་ཀྱི་སེམས་ལ་སོགས་པ་མཚོན་བྱེད་ཐམས་ཅད་བསྟན་ནས། མཚོན་བྱ་དོན་ཞུས་པས། ཏཻ་ལོ་པའི་ཞལ་ནས། ཀྱེ་ཧོ་འདི་ནི་རང་རིག་ཡེ་ཤེས་ཏེ། །ངག་གི་ལམ་འདས་སྤྱོད་ཡུལ་མིན། །ཏཻ་ལོ་པ་ཡིས་ཅི་ཡིན་བསྟན་དུ་མེད། །རང་ལ་རང་གིས་བསླན་ཏེ་ཤེས་པར་བྱོས། །ཞེས་གསུངས་ནས་རྒྱ་མཚོ་དང་འདྲ་བའི་མཚོན་བྱ་དོན་བསྟན་ཏེ། ད་ཁྱོད་པཎྜི་ཏའི་ཆས་མ་འཛིན་པར་རྣལ་འབྱོར་པའི་ཆ་ལུགས་ཀྱིས་སྒྲུབ་པ་སྙིང་པོར་གྱིས་ཤིག སྐྱེ་བ་འདིར་མཆོག་གི་དངོས་གྲུབ་ཐོབ་པར་འགྱུར་རོ་ཞེས་དམ་ཚིག་ཕོག་ནས་མི་སྣང་བར་གྱུར་ཏོ། །དེ་ནས་ནཱ་རོ་པས་མེ་ཏོག་འཕྲོག་པའི་ལྷ་ཁང་ཞེས་བྱ་བའི་བྱང་ཕྱོགས་གྲོང་ཁྱེར་ཆུང་ངུ་ཞིག་ཡོད་པ་ན་རྒན་མོ་གཅིག་གིས་འཚོ་བ་ཕུལ་ནས་བསྒྲུབ་པ་སྙིང་པོར་མཛད་ཀྱིན་བཞུགས་པ་ན། དུས་རེ་ཞིག་ན་མུ་སྟེགས་གཅེར་བུ་པ་རྣམས་རྩོད་པ་རྒྱལ་ནས་སངས་རྒྱས་ཀྱི་བསྟན་པ་འཇིག་པར་ཉེ་བ་ན། རྒྱལ་པོས་པཎྜི་ཏ་ལྔ་བརྒྱ་བསགས་ཏེ་མེ་ཏོག་གི་ཕྲེང་བ་གཏད་པས་སུས་ཀྱང་ལེན་མ་ནུས་པར། རྒྱལ་པོ་ན་རེ། ད་དུང་བགྲོས་ལ་རྩོད་པ་གྱིས་ཤིག གལ་ཏེ་མི་ནུས་ན་གཙུག་ལག་ཁང་གཅེར་བུ་པ་ལ་འབུལ་ལོ་བྱས་པས། པཎྜི་ཏ་རྣམས་གྲོས་བྱེད་པའི་ཚེ། རྒན་མོ་ཞིག་ན་རེ། ངའི་ཁྱིམ་ན་ནཱ་རོ་པ་བཞུགས་ཟེར་བ་དང་། དེར་དགེ་འདུན་གྱིས་གསོལ་བ་བཏབ་པས་སྔར་ཏཻ་ལོ་པའི་གསུང་མ་དྲན་པར་ཞལ་གྱིས་བཞེས་སོ། །དེར་གཅེར་བུ་པ་འོང་དུ་མ་བཏུབ་པ་ལ། ཁོའི་ལྷ་ཁང་གི་གམ་དུ། རྒོལ་བ་ཕྱིར་རྒོལ་གཉིས།།