R131: དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༥བ
[A:༥བ]་རྣམས་ཀྱིས་བརྩམས་པའི་རྒྱུད་འདྲ་མིན་སྣ་ཚོགས་པ་ཞིག་ཡོད་པར་རྗེ་ངོར་ཆེན་རྡོ་རྗེ་འཆང་གི་གསུང་རྒྱུན་ལས་འབྱུང་ཞིང་ཡོངས་སུ་གྲགས་ན་ཡང་། བསྟན་པ་སྔ་དར་གྱི་སྐབས་སུ་མཁས་པ་རྣམས་ཀྱི་ཁ་སྐད་ལ། སྐུའི་རྒྱུད་སངས་རྒྱས་མཉམ་སྦྱོར། གསུང་གི་རྒྱུད་ཟླ་བཟང་ཐིག་ལེ། ཐུགས་ཀྱི་རྒྱུད་གསང་བ་འདུས་པ། ཡོན་ཏན་གྱི་རྒྱུད་རྡོ་རྗེ་བདུད་རྩི། འཕྲིན་ལས་ཀྱི་རྒྱུད་ཀརྨ་མ་ལ། ཁ་སྐོང་གི་རྒྱུད་རྣམ་སྣང་སྒྱུ་དྲྭ། ཞེས་འབྱུང་བ་དེ་དག་གསར་རྙིང་གཉིས་ཀ་ལ་རྩོད་པ་མེད་པར་གྲགས་པའི་རྒྱུད་ཡིན་པར་བཤད་དོ། །དེ་ལྟར་ཕ་རྒྱུད་ལ་སྡེ་གསུམ་དུ་གསུངས་པའི་འདོད་ཆགས་ཅན་འདུལ་བ་གསང་བ་འདུས་པ་འདི་ཇི་ལྟར་བྱོན་པའི་ཚུལ་འཆད་པ་ལ་སྤྱི་དོན་རྣམ་པ་གསུམ་སྟེ། འདུས་པའི་རྒྱུད་སྟོན་པས་ཇི་ལྟར་གསུངས་པའི་ཚུལ། འདུས་པ་ལ་རྒྱ་བོད་དུ་བཤད་སྲོལ་ཇི་ལྟར་བྱུང་བའི་ཚུལ། འདུས་པའི་བླ་མ་བརྒྱུད་པའི་རྣམ་ཐར་བསྟན་པའི་སྒོ་ནས་རྒྱ་བོད་དུ་ཇི་ལྟར་དར་བའི་ཚུལ་བཤད་པའོ། །དང་པོ་ནི། འོ་ན་གསང་སྔགས་འདུས་པ་འདི་སྟོན་པས་གནས་གང་དུ་གསུངས། ཚུལ་ཇི་ལྟར་དུ་གསུངས། དེ་ལྟར་གསུངས་པའི་རྒྱུད་དེ་ལ་དུ་ཡོད་ཅེ་ན། གྲུབ་ཆེན་ཀུན་དགའ་སྙིང་པོས་ཡོ་གའི་འགྲེལ་པ་དང་། གསང་འདུས་ཡོ་གར་བཀྲལ་བའི་འགྲེལ་པ་ལས། ཁྱབ་འཇུག་ལ་སོགས་པའི་རྒྱུད་ལ་དགའ་ཞིང་ཡུལ་ཡོངས་སུ་མི་སྤོང་བའི་འདོད་ཆགས་ཅན་རྣམས་རྗེས་སུ་གཟུང་བའི་ཕྱིར་གཞན་འཕྲུལ་དབང་བྱེད་ཀྱི་གནས་སུ་གསང་བ་འདུས་པའི་རྒྱུད་གསུངས་པ་ཡིན་པར་བཤད་དེ། ཇི་སྐད་དུ། འདི་ནི་རྒྱུད་ཕྱི་མ་ཡིན་པས་ངེས་པར་གསང་བ་འདུས་པ་ལས་ཤེས་པར་བྱ་སྟེ། དེ་ལས་འདི་ཉིད་གསུངས་