R131: དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༦ན
[A:༦ན]པ་ནི། དེ་ནས་དེ་བཞིན་གཤེགས་པ་མི་བསྐྱོད་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཙུན་མོའི་བྷ་ག་ལ་དམ་ཚིག་ཆེན་པོའི་དཀྱིལ་འཁོར་གྲུ་བཞིར་བྱིན་གྱིས་བརླབས་པ་ནི་ཞེས་བྱ་བ་ལ་སོགས་པའོ། །གཞལ་ཡས་ཁང་གི་ཁྱད་པར་འདི་ཡང་ནམ་མཁའི་ཁམས་ཐམས་ཅད་པ་གཞན་འཕྲུལ་དབང་བྱེད་ན་དབང་བསྒྱུར་གྱི་ལྷ་རྣམས་ཀྱི་གནས་ན་ཡོད་པ་ཡིན་པར་ཤེས་པ་བྱ་སྟེ། འདོད་ཆགས་ཅན་ལ་སོགས་པའི་སེམས་ཅན་རྣམས་རྗེས་སུ་གཟུང་བའི་ཕྱིར་སྟོན་པར་མཛད་པ་ཡིན་པའི་ཕྱིར་རོ། །ཞེས་གསུངས་པས་སོ། །ཡང་སློབ་དཔོན་ཨ་ལཾ་ཀ་ཤ་སྟེ་རྒྱན་གྱི་རོལ་པས། སྟོན་པས་དགའ་ལྡན་གྱི་གནས་སུ་རང་གི་སྐུ་འབྱུང་བ་བཞི་ལས་གཞལ་ཡས་ཁང་སྤྲུལ། ཕུང་ཁམས་སྐྱེ་མཆེད་ལས་དཀྱིལ་འཁོར་གྱི་ལྷ་ཚོགས་སྤྲུལ་སྟེ། དེ་ནས་གསང་བ་འདུས་པའི་རྒྱུད་གསུངས་པར་བཞེད་དེ། སློབ་དཔོན་དེ་ཉིད་ཀྱིས་མཛད་པའི་རྡོ་རྗེ་ཕྲེང་བའི་འགྲེལ་པ་ལས། དེ་ནས་བཅོམ་ལྡན་འདས་ཤཱཀྱ་སེང་གེས་སྔོན་བཅོམ་ལྡན་འདས་རྣམས་ཀྱིས་སྟོན་པའི་མན་ངག་གིས་དབང་པོ་རྣོན་པོ་ཉིད་ཀྱི་ཕྱིར་མངོན་དུ་མཛད་ནས་ནམ་ཕྱེད་ན་བདུད་བཅོམ་སྟེ་ཐོ་རངས་ཀྱི་དུས་སུ་མངོན་པར་རྫོགས་པ་སངས་རྒྱས་པར་མཛད་ནས་དགའ་ལྡན་གྱི་གནས་སུ་གཤེགས་ཏེ། རང་གི་སྐུའི་འབྱུང་བ་ཆེན་པོ་ལ་སོགས་པ་རྣམས་ལས་རིན་པོ་ཆེ་སྣ་བདུན་ལས་བྱས་པའི་གཞལ་ཡས་ཁང་སྤྲོས་སོ། །ཉིད་ཀྱི་ཕུང་པོ་རྣམས་ལས་དེ་བཞིན་གཤེགས་པ་ལྔ་དང་། ས་ལ་སོགས་པའི་ཁམས་རྣམས་ལས་སྤྱན་མ་ལ་སོགས་པའི་ལྷན་ཅིག་སྤྱོད་མ་བཞི་དང་། མིག་ལ་སོགས་པ་དྲུག་དང་ཡན་ལག་གི་